ལིས་ཁི་ཆང་ཨ་མེ་རི་ཁའི་བཟོ་ཚོང་ལས་རིགས་ཀྱི་འགོ་ཁྲིད་པ་དང་མཉམ་དུ་བརྙན་རིས་གྲོས་མོལ་ཚོགས་འདུར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་བཅུ་གསུམ་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་བཟོ་ཚོང་ལས་རིགས་ཀྱི་འགོ་ཁྲིད་མི་སྣ་དང་མཉམ་དུ་བརྙན་རིས་གྲོས་མོལ་ཚོགས་འདུར་ཞུགས་པར་མ་ཟད་ཕན་ཚུན་བརྗེ་རེས་བྱས།      ཨ་མེ་རི་ཁ་དང་ཀྲུང་གོའི་ཚོང་དོན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་ཨ་མེ་རི་ཁའི་མིང་དུ་གྲགས་པའི་རྒྱལ་ཁོངས་བརྒལ་བའི་ཀུང་ཟིའི་སྤྱིའི་འགན་འཛིན་པ་དང་དབུ་བཞུགས་ལག་བསྟར་དཔོན་པོ་ཉི་ཤུ་ལྷག་གྲོས་མོལ་ལ་ཞུགས།  ཨ་མེ་རི་ཁའི་ནོར་སྲིད་པུའུ་ཀྲང་ཟུར་པ་པའོ་ཨར་སིན་གྱིས་འགོ་འཛིན་བྱས།

ལིས་ཁི་ཆང་གིས་བསྟན་དོན།  ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བདེ་ཐང་བརྟན་འཇགས་ངང་འཕེལ་རྒྱས་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་རེ་འདུན་ཡིན་པས།    རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་གླེང་མོལ་བྱས་པའི་ཐུན་མོང་གི་འདུ་ཤེས་ལྟར།   གདོང་གཏུག་མི་བྱེད་པ་དང་ཁ་གཏད་དུ་མི་ལངས་པ།   ཕན་ཚུན་བརྩི་བཀུར་དང་མཉམ་ལས་གཉིས་རྒྱལ་གྱི་དགོངས་དོན་སྲུང་འཛིན་བྱེད་པ་དང་།    ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་ལ་བརྩི་བཀུར་བྱེད་པ།    གྲོས་མོལ་མཐུན་སྦྱོར་ལ་ཤུགས་སྣོན་པ།   དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ།   འགལ་བའི་ཕྱོགས་ལ་ལུགས་མཐུན་གྱིས་དོ་དམ་བྱེད་པ་བཅས་བྱས་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྤྱིའི་ཆ་ནས་གཏན་འཇགས་ཀྱི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན།  ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་ཡིན་པ་དང་།  དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཕྱུག་འགྱུར་ལ་ཕན་པ་དང་།   འཛམ་གླིང་གི་ཞི་བདེ་གཏན་འཇགས་དང་འཕེལ་རྒྱས་དར་རྒྱས་ལ་ཕན།   མཉམ་ལས་ཁྲོད་གནས་པའི་གནད་དོན་དག་མཉམ་ལས་ཀྱི་ཁྲོད་དུ་ཐག་གཅོད་དགོས།   ཕན་ཚུན་འབྲེལ་ཐག་བཅད་ན་ཕྱོགས་གཉིས་ཀར་ཕན་ཐོགས་མེད།    ཕྱོགས་གཉིས་ཀྱིས་ཐུན་མོང་གི་ཁེ་ཕན་ལ་དམིགས་ནས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཐོན་ལས་སྦྲེལ་ཐག་དང་མཁོ་འདོན་སྦྲེལ་ཐག་གི་བདེ་འཇགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་རེ་བ་ཡིན་ཟེར།

ལིས་ཁི་ཆང་གིས་བསྟན་དོན།  ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་སྔར་ལས་ཡངས་པོར་ཕྱེ་ངེས་ཡིན།   ང་ཚོས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པ་ནི་རྒྱལ་ནང་གི་ཁྲོམ་རའི་སྦས་ཤུགས་རྒྱུན་མཐུད་ཕྱིར་གཏོང་བྱེད་པ་དང་།    དཔལ་འབྱོར་འཕར་སྣོན་དང་ལས་ཞུགས་གཏན་འཇགས་ཀྱི་འདེགས་སྐྱོར་གྲུབ་པར་བྱེད་པ།   ཀྲུང་གོ་རྒྱུན་མཐུད་ངང་ཕྱི་ཚོང་དངུལ་གཏོང་གི་དམིགས་ས་གཙོ་བོར་འགྱུར་བར་བྱེད་རྒྱུ་དེ་ཡིན།   ང་ཚོས་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་།  ཕྱི་ནང་གི་མ་དངུལ་བཞག་པའི་ཁེ་ལས་ལ་ལྟ་སྟངས་གཅིག་འདྲ་འཛིན་པ་དང་འདྲ་མཉམ་ངང་འགྲན་རྩོད་བྱེད་པའི་ཁྲོམ་རའི་ཁོར་ཡུག་བསྐྲུན་ངེས་ཡིན།    ཨ་མེ་རི་ཁ་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཁེ་ལས་ཧུར་ཐག་གིས་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཞུགས་ནས་སྔར་ལས་བཟང་བོའི་སྒོ་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་དགའ་བསུ་ཞུ་བ་ཡིན་ཟེར།

ལིས་ཁི་ཆང་གིས་ད་རུང་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ།    མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་སོགས་ཐད་ཀྱི་དྲི་བར་ལན་བཏབ།

ཨ་མེ་རི་ཁའི་ཕྱོགས་ཀྱི་འཐུས་མིས་བསྟན་དོན།  འགལ་བ་མེད་པར་བྱས་ཏེ་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་ཡང་བསྐྱར་འཛུགས་སྐྲུན་རང་བཞིན་གྱི་བགྲོད་ལམ་དུ་བསྐྱོད་རྒྱུ་ནི་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན།    དཔལ་འབྱོར་ཉོ་ཚོང་མཉམ་ལས་ནི་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བའི་རྨང་རྡོ་ཡིན་པ་དང་།   ཕན་ཚུན་ཁ་གཏད་དུ་ལངས་པ་དེས་ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་དང་འཛམ་གླིང་ཡོངས་ལ་བརྟན་འཇགས་མིན་པའི་རྒྱུ་རྐྱེན་མང་པོ་ཁྱེར་ཡོང་ངེས་ཡིན།   ཨ་མེ་རི་ཁའི་ཁེ་ལས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལྗོངས་དང་ཁྲོམ་རའི་གོ་སྐབས་ལ་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད་པ་དང་།     ཀྲུང་གོའི་བར་གྱི་ཡུན་རིང་གི་མཉམ་ལས་ལ་མུ་མཐུད་དུ་ཤུགས་འདོན་ངེས་ཡིན་ཟེར།

ཝང་དབྱི་དང་ཧི་ལིས་ཧྥིན་གཉིས་གྲོས་མོལ་ལ་ཞུགས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།