ལོ་ངོ་བརྒྱ་ཡི་ཏང་གི་ལོ་རྒྱུས་ལས་ང་ཚོར“ཅིའི་ཕྱིར་མར་ཁེ་སི་རིང་ལུགས་སྤྱོད་གོ་ཆོད་པ”གསུངས་ཡོད།

གསར་བརྗེའི་གཞུང་ལུགས་མེད་ན། གསར་བརྗེའི་འགུལ་སྐྱོད་ཡོད་མི་སྲིད། ཟླ་བཅུ་པའི་གསར་བརྗེའི་སྒྱོགས་མདའ་འཕངས་པ་དང་ལྷན་དུ། ཀྲུང་གོར་མར་ཁེ་སི་ལེ་ཉིང་རིང་ལུགས་སྐྱེལ་ཡོང་ཞིང་། ཀྲུང་གོའི་སྔོན་ཐོན་ཤེས་ལྡན་པས་ཚན་རིག་གི་བདེན་ལུགས་ལས་རེ་བའི་འོད་སྣང་མཐོང་བྱུང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་། མར་ཁེ་སི་རིང་ལུགས་རང་ཉིད་ཀྱི་དར་ཆར་བྱས་ཤིང་། དེ་ཉིད་མཛུབ་སྟོན་དུ་བཟུང་ནས། རྒུད་སྐྱོབ་ཡུན་གནས་དང་། རྒྱལ་ཁབ་རང་བཙན། མི་རིགས་སྟོབས་འབྱོར་རྒྱས་པའི་ལོ་རྒྱུས་ཀྱི་འགན་འཁྲི་ལེགས་པོར་གྲུབ་སྟེ། བསམ་བློའི་བསྐྱར་དར་མངོན་འགྱུར་བྱུང་། 

ཅིའི་ཕྱིར་མར་ཁེ་སི་རིང་ལུགས་སྤྱོད་གོ་ཆོད་ཅིང་། ཅིའི་ཕྱིར་ཀྲུང་གོ་ནས་སྤྱོད་གོ་ཆོད་པ་ཡིན་ཞེ་ན། ལོ་ངོ་བརྒྱའི་ཏང་གི་ལོ་རྒྱུས་ཀྱིས་ང་ཚོར་གསུང་དོན། གནད་འགག་གཉིས་ཡོད་དེ། དང་པོ་ནི་མར་ཁེ་སི་རིང་ལུགས་ཀྱི་རང་སྟེང་ལ་འགྲན་ཟླ་བྲལ་བའི་ཚན་རིག་རང་བཞིན་དང་བདེན་ལུགས་རང་བཞིན་ལྡན་པས་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱིས་ཚན་རིག་དང་མཐུན་པར་རང་བྱུང་ཁམས་དང་། མིའི་རིགས་ཀྱི་སྤྱི་ཚོགས། མིའི་རིགས་ཀྱི་རིགས་ལམ་འཕེལ་རྒྱས་ཀྱི་སྤྱི་ཁྱབ་ཆོས་ཉིད་གསེད་བཀྲོལ་བྱས་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། མར་ཁེ་སི་རིང་ལུགས་ཀྱིས་རྩོད་སྒྲུབ་སྨྲ་བ་དང་ལོ་རྒྱུས་ལྟ་བ་དེ་དངོས་གཙོ་རིང་ལུགས་དང་ནུས་ལྡན་སྒོས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་མཚན་ཉིད་རིག་པའི་གསར་བརྗེ་མཆོངས་བརྒལ་མངོན་འགྱུར་བྱས་ཤིང་། མི་རྣམས་ཀྱིས་འཛམ་གླིང་ལ་བརྟག་དཔྱད་དང་གནད་དོན་ལ་དབྱེ་ཞིབ་བྱེད་པར“རླབས་ཆེ་བའི་ངོས་འཛིན་ལག་ཆ”འདོན་སྤྲོད་གནང་ཡོད། མར་ཁེ་སི་རིང་ལུགས་ཀྱིས་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ངེས་པར་དུ་རྣམ་པ་དེ་ལས་མཐོ་བའི་གུང་ཁྲན་རིང་ལུགས་སྤྱི་ཚོགས་ཀྱིས་ཚབ་བྱེད་ངེས་པ་གསེད་བཀྲོལ་གནང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་དེ་ཚན་རིག་གི་རྨང་གཞིའི་སྟེང་བཙུགས་ཡོད། མར་ཁེ་སི་རིང་ལུགས་ལ་ལག་ལེན་གྱི་རང་གཤིས་མངོན་པར་གསལ་བས། ཚན་རིག་དང་མཐུན་པར་འཛམ་གླིང་འགྲེལ་བཤད་ལ་འབད་པར་མ་ཟད། ཧུར་སེམས་ཆེན་པོས་འཛམ་གླིང་བཅོས་སྒྱུར་ལའང་བརྩོན་པར་བྱེད། གཉིས་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱ་ཡི་ལོ་རྒྱུས་བརྒྱུད་རིམ་ཁྲོད་འགྱུར་མེད་དམ་བཅའ་སྙིང་དུ་བཅངས་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་པ་དེ་ཡིན། དེ་ཡང་གཙོ་བོ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་ནས། མར་ཁེ་སི་རིང་ལུགས་རང་ཉིད་ཀྱི་མཛུབ་སྟོན་བསམ་བློ་དང་འགུལ་སྐྱོད་ཕྱོགས་སྟོན་དུ་བཟུང་ཞིང་། དུས་དེ་ནས་བཟུང་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་བྱེ་བྲག་པ་དང་དུས་རབས་ཀྱི་ཁྱད་ཆོས་ལ་ཟུང་དུ་སྦྲེལ་ཏེ། མུ་མཐུད་དུ་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་དང་གཞུང་ལུགས་གསར་སྐྲུན་ལ་དང་དོད་བྱས་ཤིང་། མུ་མཐུད་དུ་མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་ཁམས་གསར་པ་བཏོད་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་བདེ་བླག་ངང་འཕེལ་རྒྱས་འགྲོ་བར་ཚན་རིག་གཞུང་ལུགས་ཀྱི་མཛུབ་སྟོན་འདོན་སྤྲོད་གནང་བ་ལས་མཚོན་ཡོད། 

གཞུང་ལུགས་ནི་དྲག་ཆས་དང་བསམ་བློ་ནི་སྟོབས་ཤུགས་ཡིན། ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་ནི། ཏང་གི་སྤྱིར་བཏང་མ་ཡིན་པའི་ལོ་རྒྱུས་བརྒྱུད་རིམ་ཁྲོད་མར་ཁེ་སི་རིང་ལུགས་ཀྱིས་ཇི་ལྟར་ཀྲུང་གོ་དང་འཛམ་གླིང་བཅོས་སྒྱུར་གཏིང་ཟབ་བྱས་པ་ཤེས་རྟོགས་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་བདེན་ལུགས་སྟོབས་ཤུགས་དང་ལག་ལེན་སྟོབས་ཤུགས་རྟོགས་པར་བྱེད་པ། མར་ཁེ་སི་རིང་ལུགས་སྤྱད་དེ་དུས་རབས་ལ་བརྟག་དཔྱད་དང་། དུས་རབས་གསལ་འགྲེལ་བྱེད་པ། དུས་རབས་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དེ་ཡིན་ལ། ཉེ་རབས་ཀྲུང་གོའི་ལག་ལེན་ལ་བརྟེན་ནས་མར་ཁེ་སི་རིང་ལུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པར་མར་ཁེ་སི་རིང་ལུགས་ལ་སྔར་ལས་མཛེས་སྡུག་ལྡན་པའི་བདེན་ལུགས་ཀྱི་གཟི་འོད་འཕྲོ་རུ་འཇུག་དགོས་ཤིང་། ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོར་ཟབ་མོ་དང་གོ་བ་ཡང་དག་བླངས་ཏེ། དེའི་ཁྲོད་དུ་སིམ་པའི་ལངས་ཕྱོགས་དང་ལྟ་བ། ཐབས་ལམ། གནས་ལུགས། ཆོས་ཉིད། མི་ཆོས་ཚུལ་ལུགས་བཅས་འབད་པ་ཆེན་པོས་ཁོང་དུ་ཆུད་པར་བྱས་ནས། གཏམ་གོ་ཞིང་དོན་རྟོགས་པ་དང་། ཡིན་ཚུལ་ཤེས་ཤིང་ཡིན་ལུགས་རྟོགས་པ། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བསམ་སྦྱོར་གཅིག་མཐུན་ཡོང་བར་བྱེད་དགོས་པ་དེ་ཡང་ཡིན། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།