ཀྲུང་གོ་བོད་ཀྱི་དྲ་བ།

ཆོས་ལུགས་ལས་རིགས་ཁག་གིས“ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་གཅེས་པ། སྤྱི་ཚོགས་རིང་ལུགས་ལ་དགའ་བའི”བརྗོད་དོན་སློབ་གསོ་སྤེལ་བའི་གྲོས་གཞི་བཏོན།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་ལོན་པར་བསུ་མ་བྱ་ཆེད། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་སོ་སོ་དང་ཀྲུང་ཧྭའི་གནམ་བདག་ཆོས་ལུགས་ན་གཞོན་ཚོགས་པ། བུད་མེད་ན་གཞོན་ཚོགས་པའི་རྒྱལ་ཡོངས་མཐུན་ཚོགས་ཀྱིས“ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་གཅེས་པ། སྤྱི་ཚོགས་རིང་ལུགས་ལ་དགའ་བའི”བརྗོད་དོན་སློབ་གསོ་སྤེལ་བའི་གྲོས་གཞི་བཏོན་ནས། རྒྱལ་ཡོངས་ཆོས་ལུགས་ཁག་གིས་ཀྲུང་གོ་གུང་ཁྲན་ཏང་ལ་བཅིངས་པའི་བརྩེ་བ་མཚོན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་པའི་ལམ་བུ་སྟེང་བསྐྱོད་པའི་ཡིད་ཆེས་དང་དང་ཆོད་སེམས་ཇེ་བརྟན་དུ་བཏང་།

གྲོས་གཞི་ཁྲོད་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་། ཆོས་ལུགས་ལས་རིགས་ཁག་དང་མཉམ་དུ་རྒྱལ་གཅེས་ཀྱི་གཅིག་གྱུར་འཐབ་ཕྱོགས་ལ་མཐོང་ཆེན་དང་། ཆོས་དད་དང་ཆོས་དད་མེད་པའི་མང་ཚོགས་དང་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་ལས་རིགས་ཁག་གི་མི་སྣ་དང་ཆོས་དད་མང་ཚོགས་ལ་མཐུན་སྒྲིལ་སྒོས་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་ཀྱི་ལས་དོན་ལ་འབད་བརྩོན་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཆོས་ལུགས་གནད་དོན་ཐག་གཅོད་ཀྱི་ཡང་དག་བགྲོད་ལམ་སྟེང་བསྐྱོད་ཡོད།

ཆོས་ལུགས་སོ་སོའི་ཏང་ལ་རྒྱབ་སྐྱོར་དང་། རྒྱལ་ཁབ་ལ་གཅེས་པའི་སྲོལ་བཟང་དར་སྤེལ་དང་། ཆོས་ལུགས་ལས་རིགས་ཁག་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱས་ནས། མུ་མཐུད་དུ་དུས་རབས་གསར་བའི་ཆོས་ལུགས་ཁག་གི་རྒྱལ་གཅེས་རིང་ལུགས་ཀྱི་ནང་སྙིང་ཕུན་ཚོགས་སུ་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་སྣེ་ཁྲིད་བྱེད་པ་དང་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་དེ་རང་རྒྱལ་གྱི་ཆོས་ལུགས་ཁག་གི་ཁྲོད་སིམ་པར་བྱས་ནས། བརྗོད་དོན་སློབ་གསོའི་སློབ་སྦྱོང་གི་ཕན་འབྲས་དེ་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་དོན་དངོས་བྱེད་སྟངས་སུ་བསྒྱུར་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།