ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཐད་ནས་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཐད་ནས་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་། ཀྲང་ཞོ་ཅིན་དང་ཕིན་ཝུན་ཧྲིན། མཱ་པེན་སོགས་ཆེད་མཁས་པ་དང་པེ་ཡུན་གློག་ཆས་དང་ཀྲེ་ཅང་ཚོང་རྫས་ཆུང་བའི་ཁྲོམ་ར། ཞེ་ཁྲིན་དྲ་རྒྱ་སོགས་ཀྱི་འགན་འཁུར་བས་གཏམ་བཤད་དེ། རྒྱལ་ཁབ་ཀྱི་ཁྲལ་འཕྲི་ཡོན་གཅོག་སོགས་སྲིད་ཇུས་ལག་བསྟར་བྱས་པ་དོན་དངོས་དང་མཐུན་ཞིང་ཕན་འབྲས་ཐོབ་པ་དང་། དཔལ་འབྱོར་དང་ཁེ་ལས་ཐོན་སྐྱེད་བདག་གཉེར་རྒྱུན་མཐུད་སྒོས་སླར་གསོ་བྱས་ནའང་། རྒྱལ་སྤྱིའི་ཚོང་རྫས་མང་པོའི་རིན་གོང་ཚད་མཐོན་པོས་ཇེ་མཐོར་སོང་བ་དེས་ཁེ་ལས་ཀྱི་མ་རྩ་འཕར་བའི་གནོན་ཤུགས་ཇེ་ཆེར་བཏང་ཡོད་པར་སྙམ། ཚང་མས་ད་དུང་གྲོས་གཞི་བཏོན།

ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག རྒྱལ་ཡོངས་ཀྱི་གོང་འོག་ཀུན་ཏུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ཏེ། དཔལ་འབྱོར་བརྟན་འཇགས་ཁྲོད་ནས་སྲ་བརྟན་དུ་བཏང་བ་དང་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་སུ་བཏང་། ཡིན་ནའང་ན་ནིང་གི་དུས་མཉམ་དུ་གཞི་གྲངས་དམའ་བ་དེས་རྒྱུ་རྐྱེན་སྣ་མང་བཟོས་པའི་དབང་གིས་དེང་སྐབས་རྒྱལ་སྤྱིའི་ཁོར་ཡུག་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་ཐད་ལ་གཏན་འཁེལ་མིན་པའི་རང་བཞིན་གསར་བ་འཕར་སྣོན་བྱས་ཤིང་། དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱེད་སྐབས་དུས་མཉམ་དང་བསྡུར་དགོས་ལ། ཆེ་ཕྱོགས་ཀྱི་གཞི་གྲངས་དང་ཚོང་རའི་གཙོ་གཞིའི་གནས་བབ་ལ་ལྟ་དགོས་པ་དང་སྤྱིའི་གནས་བབ་དང་ཡིད་འཇོག་བྱེད་པའི་གནས་ཚུལ་གསར་བ་དང་གནད་དོན་གསར་བར་ལྟ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་སུ་གཏོང་སྟངས་གསར་བ་གསར་སྐྲུན་བྱེད་དགོས་པར་མ་ཟད། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་པ་དང་། ཆེ་ཕྱོགས་སྲིད་ཇུས་ཀྱི་མུ་འབྲེལ་རང་བཞིན་དང་བརྟན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་སྲུང་འཛིན་བྱེད་དགོས་ལ། སྲིད་ཇུས་ལ་འགྱུར་བ་ཆེན་པོ་མི་གཏོང་བ་དང་ཚོང་རར་ལུགས་མཐུན་གྱི་སྔོན་དཔག་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་རྒྱ་ཆེར་སྤེལ་ཞིང་དཔལ་འབྱོར་འཁོར་སྐྱོད་དེ་འོས་འཚམ་གྱི་བར་མཚམས་སུ་སྲུང་འཛིན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། རྒྱུན་མཐུད་སྒོས་དམིགས་ཡུལ་ཡོད་པའི་སྒོ་ནས་གྲུབ་ཚུལ་རང་བཞིན་གྱི་ཁྲལ་འཕྲི་སོགས་ཀྱི་སྲིད་ཇུས་ལག་བསྟར་བཟང་བོ་བྱས་ཏེ། ལས་ཞུགས་འགན་སྲུང་དང་དམངས་ཚིས་འགན་སྲུང་། ཚོང་ར་འགན་སྲུང་བྱེད་པའི་གཙོ་གཞིའི་སྲིད་ཇུས་ཤུགས་ཚད་ཇེ་ཆེར་གཏོང་དགོས། ཁེ་ལས་ཆུང་བ་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་ལ་རྒྱབ་སྐྱོར་བྱེད་པ་དང་གསར་བཟོ་ལས་རིགས་དང་གསར་སྐྲུན་རིམ་འཕར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་དངོས་འབེབས་བྱེད་དགོས། ཚོང་ར་ཅན་དང་སྤྱི་ཚོགས་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་ནས་སྟབས་བསྟུན་སྣ་མང་གི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ཟབ་སྤེལ་བྱས་ནས་ཚོང་རའི་གཙོ་གཞིའི་གསོན་ཤུགས་ཇེ་ཆེར་གཏོང་དགོས། ཕྱི་ཕྱོགས་ཉོ་ཚོང་བརྗེ་རེས་བརྟན་འཇགས་སུ་བཏང་ནས་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་བརྟན་འཇགས་སྲུང་འཛིན་བྱེད་དགོས་ཟེར།

སུན་ཁྲུན་ལན་དང་ཧུའུ་ཁྲུན་ཧྭ། ལིའུ་ཧི། ཝང་ཡུང་། ཞོ་ཅེ། ཀྲའོ་ཁི་ཀྲི། ཧི་ལིས་ཧྥིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།