ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་སོགས་ལས་ཁུངས་དྲུག་གིས་སྐབས་བརྒྱད་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་དཔྱད་སྡུར་འདེམས་བསྐོ་བྱས་ནས་གཟེངས་བསྟོད་བྱེད་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྟོབས་ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་དར་སྤེལ་བྱས་ཏེ། སྤྱི་ཚོགས་ཡོངས་མདུན་དུ་བསྐྱོད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་པ་དང་། དུས་རབས་གསར་བའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་གྱི་འཕེལ་རིམ་གསར་བ་དང་གྲུབ་འབྲས་གསར་བས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་ཆེད། ཉེ་ལམ། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་། རྒྱལ་ཡོངས་སྤྱིའི་བཟོ་ཚོགས། གུང་གཞོན་ཚོགས་པ་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་སྐབས་བརྒྱད་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་དཔྱད་སྡུར་འདེམས་བསྐོ་བྱས་ནས་གཟེངས་བསྟོད་བྱེད་པའི་སྐོར་གྱི་བརྡ་ཐོ་དང་ལག་བསྟར་བྱེད་ཐབས་འགྲེམ་སྤེལ་བྱས་ཏེ། སྐབས་བརྒྱད་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་དཔྱད་སྡུར་འདེམས་བསྐོ་དང་གཟེངས་བསྟོད་བྱེད་པར་བཀོད་སྒྲིག་བྱས་པར་མ་ཟད། ཀུན་སྤྱོད་དཔེ་ལེགས་ཅན་དྲིལ་སྒྲོག་དང་སློབ་སྦྱོང་བྱ་འགུལ་རྒྱ་ཆེར་སྤེལ་ནས། མི་རྣམས་ཀྱིས་བླ་མེད་ཀུན་སྤྱོད་མཐོ་བའི་ལག་ལེན་མཁན་དང་དཔལ་ཡོན་སྲོལ་བཟང་གི་སྲུང་སྐྱོབ་མཁན། མཛེས་པའི་འཚོ་བ་གསར་སྐྲུན་བཅས་བྱེད་པར་ཁྲིད་སྟོན་བྱེད་པ་དང་། བླ་མེད་ཀུན་སྤྱོད་ལེགས་ཤིང་དཔེ་སྟོན་གྱི་ནུས་པ་འདོན་པ་དང་སྤྱོད་ཡོན་གཉིས་ལྡན་གྱི་སྤྱི་ཚོགས་སྣང་ཚུལ་ཆགས་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་བསྟན་དོན། སྐབས་བརྒྱད་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་དཔྱད་སྡུར་འདེམས་བསྐོ་དང་གཟེངས་བསྟོད་བྱེད་རྒྱུ་དེ་ད་ལོའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་བའི་གནད་སར་འཇོག་པ་དང་། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བར་སྣང་ཚུལ་བཟང་བོ་བསྐྲུན་པའི་བྱེད་ཐབས་གལ་ཆེན་དུ་བརྩིས་ཏེ། ཀུན་ལས་གཙིགས་འཛིན་བྱེད་པ་དང་སེམས་ཞིབ་མོས་རྩ་འཛུགས་དང་ལག་བསྟར་བྱེད་དགོས་ལ། ཕན་འབྲས་མཐོ་བའི་སྒོ་ནས་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱེད་པ་དང་། དཔྱད་སྡུར་འདེམས་བསྐོ་དང་གཟེངས་བསྟོད་བརྒྱུད་རིམ་དེ་དཔེ་ལེགས་ཅན་གྱི་བྱས་རྗེས་དྲིལ་སྒྲོག་དང་དཔེ་ལེགས་ཅན་གྱི་སྤྱོད་བཟང་ལ་སློབ་སྦྱོང་བྱེད་པ་དང་། དཔེ་ལེགས་ཅན་གྱི་སྙིང་སྟོབས་ལག་བསྟར་བྱེད་པའི་བརྒྱུད་རིམ་དུ་འགྱུར་བར་བྱས་ནས། བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་དར་སྤེལ་བྱེད་པའི་ཚ་རླབས་ཤིག་སློང་བར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།