ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་གློག་འཕྲིན་དྲ་རྒྱའི་མགོ་གཡོག་ནག་ཉེས་བཟོ་བའི་བྱ་བར་རྡུང་རྡེག་བཅོས་སྐྱོང་བྱེད་པའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་གློག་འཕྲིན་དྲ་རྒྱའི་མགོ་གཡོག་ནག་ཉེས་བཟོ་བའི་བྱ་བར་རྡུང་རྡེག་གཏོང་བ་དང་བཅོས་སྐྱོང་བྱེད་པའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། ས་གནས་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱས་ཏེ། གློག་འཕྲིན་དྲ་རྒྱའི་མགོ་གཡོག་ནག་ཉེས་བཟོ་བའི་བྱ་བར་རྡུང་རྡེག་བཅོས་སྐྱོང་ཚ་ནན་བྱས་ཏེ་དེ་བསྟུན་གྱི་གྲུབ་འབྲས་བླངས། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ལྟ་བ་རྒྱུན་འཁྱོངས་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། མ་ལག་འདུ་ཤེས་དང་ཁྲིམས་སྐྱོང་བསམ་གཞིགས་ཇེ་དྲག་ཏུ་གཏོང་བ། རྩ་བ་བཅོས་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་དོ་སྣང་བྱེད་པ། མཉམ་དུ་དམ་འཛིན་དོ་དམ་བྱེད་པ་དང་མང་ཚོགས་ཡོངས་ཀྱིས་འགོག་སྡོམ་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་སྔོན་འགོག་དོ་དམ་བྱ་བའི་ལས་རིམ་སོ་སོའི་བྱེད་ཕྱོགས་དང་དངུལ་རྩ། འཕྲིན་གཏོང་། མཉམ་འབྲེལ་དྲ་རྒྱ་སོགས་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་དང་འབྲེལ་བའི་རང་བདག་འགན་འཁྲི་དངོས་འབེབས་དོན་འཁྱོལ་བྱེད་དགོས། བཅའ་ཁྲིམས་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་དང་སྔོན་འགོག་སློབ་གསོའི་དཔེ་སྟོན་དྲིལ་སྒྲོག་ལ་ཤུགས་སྣོན་པ། རྒྱལ་སྤྱིའི་ཁྲིམས་བསྟར་མཉམ་ལས་ལ་སྐུལ་འདེད་གཏོང་བ། བྱས་ཉེས་དེའི་རིགས་མང་དུ་འབྱུང་བར་རྩ་བ་ནས་འགོག་པ་བཅས་ལ་འབད་དེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་ཐང་གི་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་བསྐྲུན་པར་བྱས་རྗེས་གང་ལེགས་འཇོག་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། ཁྲིམས་ལྟར་གློག་འཕྲིན་དྲ་རྒྱའི་མགོ་གཡོག་ནག་ཉེས་བཟོ་བའི་བྱ་བར་རྡུང་རྡེག་ཚ་ནན་གཏོངང་བའི་ཕན་འབྲས་སྔར་ལས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ནས། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།