ཀྲུང་གོ་བོད་ཀྱི་དྲ་བ།

ལས་ཁུངས་བཞིས་མཉམ་འབྲེལ་སྒོས་ཕྱི་རོལ་ཏུ་སྒྲིག་འགལ་ངང་མེ་བཀོལ་བར་ཞིབ་བཤེར་ནན་མོ་བྱ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས31ཉིན། མཁོ་བསྟུན་དོ་དམ་ལས་ཁུངས་ནས་ཤེས་གསལ་ལྟར་ན། རྒྱལ་ཁབ་ནགས་ཚལ་མེ་འགོག་བཀོད་འདོམས་པུའུ་གཞུང་ལས་ཁང་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས། སྤྱི་བདེ་ལས་ཁུངས། མཁོ་བསྟུན་དོ་དམ་ལས་ཁུངས་བཅས་ཀྱིས་ཉེ་སྔོན་མཉམ་འབྲེལ་སྒོས་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། ཟླ4པའི་ཚེས1ཉིན་ནས་ཟླ12པའི་ཚེས20ཉིན་བར་དུ། སྔ་གཞུག་རིམ་པ་གཉིས་སུ་བགར་ཏེ་མཉམ་འབྲེལ་སྒོས་ཕྱི་རོལ་གྱི་མེ་ཁུངས་བཅོས་སྐྱོང་དང་སྒྲིག་འགལ་ངང་མེ་བཀོལ་བའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་པའི་ཆེད་དམིགས་འགུལ་སྐྱོད་མགོ་རྩོམ་རྒྱུ་ཐག་བཅད།

ཞིབ་ཕྲའི་ངང་བརྗོད་ན། གོ་རིམ་དང་པོ་ནི་ཟླ4པའི་ཚེས1ཉིན་ནས་ཟླ5པའི་ཚེས31ཉིན་བར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཕྱི་རོལ་གྱི་མེ་ཁུངས་བཅོས་སྐྱོང་ཆེད་དམིགས་འགུལ་སྐྱོད་སྤེལ་རྒྱ་དང་། གོ་རིམ་གཉིས་པ་ནི་ཟླ9པའི་ཚེས20ཉིན་ནས་ཟླ12པའི་ཚེས20ཉིན་བར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྒྲིག་འགལ་ངང་མེ་བཀོལ་བའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་པའི་ཆེད་དམིགས་འགུལ་སྐྱོད་སྤེལ་རྒྱ་རེད།

བརྡ་ཐོའི་ནང་ས་གནས་སོ་སོས་ཞིང་ལས་ཐད་མེ་བཀོལ་བ་དང་མཆོད་འབུལ་དུ་མེ་བཀོལ་བ། ཡང་ན་ཕྱི་རོལ་ཏུ་དུ་བ་འཐེན་པ་སོགས་ཀྱིས་མེ་སྐྱོན་འབྱུང་བའི་རྐྱེན་ངན་གཙོ་བོ་གཅིག་བསྡུས་ཀྱིས་བཅོས་སྐྱོང་དང་། མེ་སྐྱོན་འབྱུང་བར་རང་བཤེར་རང་བཅོས་བྱེད་པའི་ཡུན་ཕན་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ནགས་ཚལ་དང་རྩྭ་ཐང་དུ་སྒྲིག་འགལ་ངང་མེ་བཀོལ་བའི་བྱ་སྤྱོད་ལ་ཁྲིམས་ལྟར་གཟབ་ནན་གྱིས་ཞིབ་བཤེར་ཐག་གཅོད་བྱེད་པ། མིའི་རྐྱེན་གྱིས་ནགས་ཚལ་དང་རྩྭ་སར་མེ་སྐྱོན་སྣ་མང་འབྱུང་བའི་གནས་བབ་བློ་ཐག་རྦད་ཆོད་ཀྱིས་བཀག་འགོག་བྱེད་པ་དང་། ཆེས་ཆེ་བའི་ནགས་ཚལ་དང་རྩྭ་སའི་མེ་སྐྱོན་དང་མི་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་འབྱུང་བར་གཟབ་ནན་གྱིས་སྔོན་འགོག་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།