ཀྲུང་གོ་བོད་ཀྱི་དྲ་བ།

《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐུལ་སློང་ཚོགས་ཆེན་སྟེང་གི་གསུང་བཤད།

ཟླ4པའི་ཚེས1ཉིན་དཔར་དུ་བསྐྲུན་པའི《བདེན་འཚོལ》དུས་དེབ་འདོན་ཐེངས7པའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐུལ་སློང་ཚོགས་ཆེན་སྟེང་གི་གསུང་བཤད》ཞེས་པ་བཀོད།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་ནི། ཏང་ཀྲུང་དབྱང་གིས་ཏང་གི་ལོ་ངོ་བརྒྱའི་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པ་ནས་རྐང་བཙུགས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་གཅིག་གྱུར་འཆར་འགོད་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་ཡིད་ཆེས་ཀྱིས་ཁེངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་པར་སྐུལ་སློང་བྱེད་ཆེད་ཐག་བཅད་པའི་ཇུས་ཆོད་གལ་ཆེན་ཞིག་རེད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ལོ་རྒྱུས་བསླབས་ནས་གནས་ལུགས་རྟོགས་པ་དང་། ལོ་རྒྱུས་བསླབས་ནས་ཡིད་ཆེས་འཕེལ་བ། ལོ་རྒྱུས་བསླབས་ནས་ཀུན་སྤྱོད་བརྩི་བ། ལོ་རྒྱུས་བསླབས་ནས་ལག་བསྟར་ཐུབ་པ་བྱེད་དགོས་ཤིང་། ཏང་གི་ལོ་རྒྱུས་སློབ་པ། བསམ་བློ་རྟོགས་པ། དོན་དངོས་སྒྲུབ་པ། རྣམ་པ་གསར་པ་སྤེལ་བ་བཅས་བྱེད་ཐུབ་དགོས་ལ། དཔའ་ངར་ཆེར་བསྐྱེད་ཀྱིས་འབད་བརྩོན་བྱས་ཏེ།ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་སྐྱོད་བགྲོད་ལམ་གསར་པའི་སྒོ་འབྱེད་པ་དང་། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་བསུ་མ་བྱེད་དགོས།

རྩོམ་ཡིག་ལས་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བར་དོན་སྙིང་ཆེན་པོ་ལྡན། ང་ཚོའི་ཏང་གིས་སྔར་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་མཐོང་ཆེན་བྱས། ང་ཚོའི་ཏང་གི་ལོ་ངོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་གནད་ཆེའི་དུས་སྐབས་དང་།“ལོ་བརྒྱ་ཕྲག་གཉིས”ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་བསྣོལ་མཚམས་ཀྱི་གནད་འགག་གི་སྦྲེལ་མཚམས་སུ། ཏང་ཡོངས་ཀྱིས་གཅིག་བསྡུས་སྒོས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་ནི་སྐབས་སུ་བབ་པ་དང་ཧ་ཅང་དགོས་གལ་ཆེ། ཏང་ཡོངས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་ནི། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་ལ་སྐུལ་འདེད་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་ལ། དད་མོས་དང་དད་སེམས་འགྱུར་མེད་བརྟན་པོ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན་པ་དང་། ཏང་གིས་རང་ལ་གསར་བརྗེ་གཏོང་བར་སྐུལ་འདེད་དང་ཏང་གི་སྐྱེ་སྟོབས་གསོན་ཤུགས་གཏན་དུ་གནས་པའི་ལྡོག་མེད་ཀྱི་བླང་བྱའང་ཡིན།

རྩོམ་ཡིག་ལས་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བར་གཙོ་གནད་འབུར་དུ་ཐོན་དགོས། དང་པོ། གོམ་གང་མདུན་སྤོས་ཀྱིས་བསམ་བློའི་སྟོབས་ཤུགས་ཆེན་པོ་ཚོར་ཤེས་བྱེད་པ་དང་། ཏང་གི་གསར་སྐྲུན་གཞུང་ལུགས་བཀོལ་ནས་ཏང་ཡོངས་ཀྱི་ཆབ་སྲིད་རང་རྟོགས་ལ་དྲག་ཆས་སྤྲ་བར་ཤུགས་སྣོན་དགོས། གཉིས་པ། གོམ་གང་མདུན་སྤོས་ཀྱིས་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། ནམ་ཡང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་འགུལ་ཁོང་དུ་ཆུད་དགོས། གསུམ་པ། གོམ་གང་མདུན་སྤོས་ཀྱིས་ཏང་གི་ངོ་བོའི་དགོངས་དོན་གྱི་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་དང་། ནམ་ཡང་མར་ཁེ་སི་རིང་ལུགས་སྲིད་ཏང་གི་མངོན་གསལ་རང་མདངས་རྒྱུན་སྲུང་བྱེད་དགོས། བཞི་པ། གོམ་གང་མདུན་སྤོས་ཀྱིས་ཏང་གི་ལོ་རྒྱུས་ཉམས་མྱོང་སྤྱི་བསྡོམས་དང་།ཉེན་ཁ་དང་འགྲན་སློང་ལ་ཁ་གཏོད་པའི་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས། ལྔ་པ། གོམ་གང་མདུན་སྤོས་ཀྱིས་གསར་བརྗེ་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ནམ་ཡང་དཀའ་སྤྱད་འབད་བརྩོན་གྱི་ཞུམ་མེད་སྙིང་སྟོབས་རྒྱུན་སྲུང་བྱེད་དགོས། དྲུག་པ། གོམ་གང་མདུན་སྤོས་ཀྱིས་ཏང་གི་མཐུན་སྒྲིལ་དང་གཅིག་བསྡུས་གཅིག་གྱུར་ལ་ཤུགས་སྣོན་པ་དང་། ཏང་ཡོངས་གོམ་འགྲོས་གཅིག་གིས་མདུན་དུ་བསྐྱོད་པར་ཁག་ཐེག་ནན་མོ་བྱེད་དགོས།

རྩོམ་ཡིག་ལས་བསྟན་དོན། ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བར་དངོས་ཕན་གཉེར་དགོས། ཏང་ཡོངས་ཀྱིས་མཐོང་ཆེན་ཚད་མཐོན་པོ་གནང་ནས། བསམ་བློའི་ལངས་གནས་ཇེ་མཐོར་གཏོང་བ་དང་། དོན་དངོས་ལ་རྐང་འཛུགས་པ། དག་སྲུང་གསར་གཏོད། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་སློབ་སྦྱོང་དང་སློབ་གསོའི་ལས་འགན་སོ་སོ་ལེགས་འགྲུབ་བྱེད་དགོས་པ་སྟེ། གཅིག་ནས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དགོས། གཉིས་ནས་ཡང་དག་པའི་ཏང་གི་ལོ་རྒྱུས་ཀྱི་ལྟ་བ་འཛུགས་དགོས། གསུམ་ནས་མང་ཚོགས་ལ་དངོས་གནས་དོན་དངོས་སྒྲུབ་ཅིང་དཀའ་གནད་སེལ་དགོས། བཞི་ནས་སྒྲུབ་སྟངས་བྱེད་ཐབས་གསར་སྐྲུན་ལ་གཙིགས་འཛིན་བྱེད་དགོས། སྤྱི་ཚོགས་ཡོངས་སུ་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་དྲིལ་སྒྲོག་སློབ་གསོ་རྒྱ་ཆེར་སྤེལ་ནས། ཏང་གི་ལོ་རྒྱུས་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་པའི་སྒོ་ནས་མང་ཚོགས་དང་གཞི་རིམ། མི་སེམས་སུ་ངེས་པར་སྐུལ་འདེད་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།