ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག་ཅེས་པའི་གྲོས་སྡུར་འཛིན་གྲྭའི་མགོ་རྩོམ་མཛད་སྒོར་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། འཐབ་ཕྱོགས་གཅིག་གྱུར་སྒོས་ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག་ཅེས་པར་སློབ་སྦྱོང་མཐར་ཕྱིན་བྱེད་པའི་གྲོས་སྡུར་འཛིན་གྲྭ་ཟླ་བཞི་པའི་ཚེས་བདུན་ཉིན་པེ་ཅིན་དུ་སྒྲུབ་འགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་འགོ་རྩོམ་མཛད་སྒོའི་སྟེང་ཞུགས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དངོས་འབེབས་མཐར་ཕྱིན་བྱེད་རྒྱུ་དང་། འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག་བཟོ་བཅོས་མའི་དོན་སྙིང་གལ་ཆེན་ལ་ངོས་ཟིན་གསལ་བོ་ཡོད་པར་བྱེད་པ། སྲོལ་ཡིག་གི་གཞི་རྩའི་དགོངས་གཞི་དང་ནང་དོན་གཙོ་བོ། བྱ་བའི་བླང་བྱ་བཅས་ལ་གོ་བ་མ་ནོར་བ་ལེན་པ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་སྲོལ་ཡིག་དངོས་འབེབས་དོན་འཁྱོལ་བྱེད་པ། འཐབ་ཕྱོགས་གཅིག་གྱུར་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་བཅས་ལ་འབད་དེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་ཐད་མི་སེམས་གོང་བུ་གཅིག་གྱུར་བྱེད་དགོས་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན།  བར་མ་ཆད་པའི་སྒོ་ནས་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་མཐོར་འདེགས་གཏོང་རྒྱུ་དང་། ཆབ་སྲིད་ཀྱི་ལྟ་བ་དང་ཆབ་སྲིད་ཀྱི་མིག་རྒྱང་བཀོལ་ཤེས་ཀྱིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་འཛིན་པ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་སྔར་ལས་མཐོར་འདེགས་སུ་གཏོང་བ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁྲོད་ནས་གནས་ཐིག་དང་ཁ་ཕྱོགས་མ་ནོར་བར་འཚོལ་ཤེས་བྱེད་པ། ཏང་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲིད་ཆེན་ཁ་ཕྱོགས་ལ་གོ་བ་མ་ནོར་བ་ལེན་པ་བཅས་བྱེད་དགོས། ཆབ་སྲིད་ལག་བསྟར་ཀྱི་ནུས་པ་སྔར་ལས་ཇེ་མཐོར་བཏང་ནས། གོ་བ་མཐིལ་ཕྱིན་བླངས་པའི་རྨང་གཞིའི་སྟེང་ནས་གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྤེལ་དགོས་ཟེར།

གྲོས་སྡུར་འཛིན་གྲྭའི་འགོ་རྩོམ་མཛད་སྒོར་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱིག་ཆོན་གྱིས་འགོ་འཛིན་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།