ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། རྒྱུན་མཐུད་སྒོས་དྲ་རྒྱའི་མྱུར་འདེགས་ཡོན་གཅོག་ལ་སྐུལ་འདེད་བཏང་ནས་ཁེ་ལས་དང་མང་ཚོགས་ལ་ཁེ་ཕན་མང་པོ་ཐོབ་པར་བཀོད་སྒྲིག་བྱས་པ་དང་། ལས་བཟོ་བའི་གཞི་རྩའི་སྨན་བཅོས་ཉེན་ཚབ་སྒོ་བསྟེན་མཉམ་སྐྱོབ་འགན་སྲུང་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་གཏན་འཁེལ་བྱས་པ་དང་། མི་སྒེར་གྱི་རྩིས་ཐོའི་མ་དངུལ་བཀོལ་སྤྱོད་གཞི་ཁྱོན་རྒྱ་བསྐྱེད་ནས་མང་ཚོགས་ཀྱི་སྨན་བཅོས་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུ་ཐག་བཅད།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ཉེ་བའི་ལོ་འགའི་རིང་ལ། དྲ་རྒྱའི་མྱུར་འདེགས་ཡོན་གཅོག་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། དྲ་རྒྱའི་མྱུར་ཚད་མཐོར་འདེགས་ཆེན་པོ་བྱུང་ཞིང་དངུལ་གྲོན་མངོན་གསལ་སྒོས་ཇེ་དམའ་རུ་སོང་བ་དེས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་བཏང་ཞིང་ཁེ་ལས་ཀྱི་མ་རྩ་ཇེ་དམའ་རུ་གཏོང་བའི་ཐད་ལ་འདེགས་སྐྱོར་ནུས་པ་ཆེན་པོ་བཏོན་པ་དང་། ལས་ཞུགས་ལས་སྤེལ་དང་སྒུལ་ནུས་གསར་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ཟེར།

ཚོགས་ཐོག་ནས་བསྟན་དོན། རང་རྒྱལ་གྱི་སྐོར་ཐེངས་གསར་བའི་སྨན་བཅོས་བཅོས་སྒྱུར་གྱིས་འཛམ་གླིང་སྟེང་གཞི་ཁྱོན་ཆེས་ཆེ་བ་དང་མི་དམངས་དུང་ཕྱུར་བཅུ་ལྷག་ལ་ཁེ་ཕན་ཐོབ་པའི་གཞི་རྩའི་སྨན་བཅོས་ཉེན་ཚབ་དྲ་རྒྱ་ཆགས་པར་བྱས་པ་དང་། དེས་མང་ཚོགས་ཀྱིས་ནད་སྟོན་པའི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་ནད་སྟོན་དཀའ་བའི་གནད་དོན་ཐག་གཅོད་པའི་ཐད་ལ་ནུས་པ་ཆེན་པོ་བཏོན། ཞིང་ཆེན་རིམ་པའི་སྲིད་གཞུང་སོ་སོས་ལོ་གསུམ་ཡས་མས་ཀྱི་བར་བརྒལ་དུས་སྐབས་གཏན་འཁེལ་བྱས་ཏེ། གོ་རིམ་ཡོད་པའི་སྒོ་ནས་བཅོས་སྒྱུར་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར། ཚོགས་ཐོག་ནས་ད་དུང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་ཚབ་ཀྱི་སྒོ་བསྟེན་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པར་མ་ཟད་རིམ་བཞིན་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།