ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས་ཉེ་ཆར《2021ལོའི་ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭའི་དགེ་རྒན་གྱི་དམིགས་འཛུགས་ལས་གནས་འཆར་འགོད་ལག་བསྟར་བྱ་བའི་བརྡ་སྦྱོར》འགྲེམ་སྤེལ་བྱས་ཏེ། 2021ལོར་རྒྱལ་ཡོངས་ཀྱིས་དམིགས་བསལ་ལས་གནས་ཀྱི་དགེ་རྒན་མི་ཁྲི8.4ལྷག་བསྡུ་རྩིས་ཡོད།
བརྡ་སྦྱོར་ལས2021ལོར་དམིགས་བསལ་ལས་གནས་ཀྱི་རྒྱུན་འཁྱོངས་སྲིད་ཇུས་སྤྱིའི་ཆ་ནས་བརྟན་བརླིང་ཡིན་ཞིང་། གཙོ་བོ་“ཆུས་གསུམ་ཁུལ་གསུམ”དང་། སྔོན་ཆད་ཀྱི་དབུལ་ཐར་འགག་སྒྲོལ་སྒོ་བྱང་འགེལ་བའི་ལྟ་སྐུལ་ས་ཁུལ། གྲངས་ཉུངས་མི་རིགས་ས་ཁུལ་སོགས་ལ་ཁ་ཕྱོགས་ཏེ། ཞིང་སྡེའི་སློབ་གྲྭར་དམིགས་གསལ་ལས་གནས་ཀྱི་དགེ་རྒན་ཁ་གསབ་བྱས་ཏེ། བསམ་བློ་ཆབ་སྲིད་དང་ལས་རྩལ། རོལ་མོ། མཛེས་རྩལ། དབྱིན་ཡིག ཆ་འཕྲིན་ལག་རྩལ་སོགས་དཀོན་ཞིང་ཉམས་ཞན་སློབ་ཚན་གྱི་དགེ་རྒན་ཁ་སྣོན་བྱེད་པར་གསལ་བོར་བསྟན་ཡོད།
བརྡ་སྦྱོར་ལས་མི་བསྡུ་ཆ་རྐྱེན་ལ་གཏན་འཁེལ་གསལ་བོ་བྱས་ཡོད་ཅིང་། མི་བསྡུ་ལས་གནས་ཀྱི་དགོས་མཁོ་དང་བསྟུན་པ་དང་འབྲེལ་ཡོད་དགེ་རྒན་གྱི་ཐོབ་ཐང་དཔང་ཡིག་ཡོད་པ། མཐོ་སློབ་དཀྱུས་མའི་དངོས་གཞི་སློབ་མ་དང་དེ་ཡན་གྱི་མཐར་ཕྱིན་སློབ་མ་གཙོ་བོར་དམིགས་རྒྱུ། དངོས་གཞིའི་དགེ་འོས་ཆེད་ལས་ཀྱི་མཐར་ཕྱིན་སློབ་མ་གདན་ཞུའི་ཁྲོད་ཞུགས་པར་སྐུལ་སློང་བྱས་ཏེ་མཐོ་རིམ་དགེ་འོས་ཆེད་སྦྱོང་ཚན་ཁག་གི་མཐར་ཕྱིན་སློབ་མ་འོས་འཚམས་ངང་བསྡུ་རྒྱུ། ལོ་ན30ལས་བརྒལ་མི་རུང་བ་སོགས་འདུས། སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་ཁྲོད་ཞུགས་མྱོང་བ་དང་། དགེ་རྒན་བྱས་མྱོང་བའི་དང་བླངས་པ་དང་ལོ་ཕྱེད་ཀ་ཡན་གྱི་དངོས་སྦྱོང་དང་སློབ་སྐྱོར་ལ་ཞུགས་མྱོང་བའི་དགེ་འོས་སློབ་གྲྭའི་མཐར་ཕྱིན་སློབ་མར་འདྲ་མཉམ་གྱི་ཆ་རྐྱེན་འོག་དམིགས་བསལ་གྱིས་བསྡུ་ལེན་བྱ་རྒྱུ་ཡིན་པར་བསྟན་ཡོད། །