ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། གསར་འགོད་པས་ཚེས5ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། ཟླ4བའི་ཚེས3ཉིན་ནས་ཚེས5ཉིན་བར་གྱི་དྭངས་གསལ་དུས་ཆེན་སྐབས་སུ། རྒྱལ་ཡོངས་སུ་བསྡོམས་པས་འགྲུལ་བ་མི་ཐེངས་དུང་ཕྱུར1.4452སྐྱེལ་བ་དང་། དེ2020ལོ་དང་བསྡུར་ན་དུས་མཉམ་ལས142.4%འཕར།
དྭངས་གསལ་དུས་ཆེན་སྐབས་སུ། ས་གནས་སོ་སོའི་འགྲིམ་འགྲུལ་སྡེ་ཁག་གིས་འགྲུལ་བ་མང་ཚོགས་ཀྱི་དགོས་མཁོར་དབྱེ་ཞིབ་དང་སྐྱེལ་འདྲེན་གྱི་ཤུགས་ཚད་ཆེ་རུ་བཏང་ནས། ཞབས་ཞུའི་འགན་སྲུང་ཤུགས་དྲག་ཏུ་གཏོང་བ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་ལེགས་པོར་སྒྲུབ་ནས། དུས་ཡུན་རིང་བོར་གཅིག་འདུས་དང་མི་སྒུག་པར་བྱས། རྒྱལ་ཡོངས་ལྕགས་ལམ་གྱིས་མཐོ་རླབས་འགྲུལ་སྐྱེལ་པར་རིས་ལས། འགྲོ་ས་མང་ཤོས་སུ་མེ་འཁོར་ཁ་བསྣོན་དང་། པེ་ཅིན་དང་ཧྲང་ཧའེ་སོགས་སུ་བསྐྱོད་པར་འགྲུལ་བ་བཀང་ཡོད། རྒྱལ་ཡོངས་འགྲོ་གྲོན་བསྡུ་བའི་གཞུང་ལམ་གྱིས་རིན་མེད་ངང་འདུག་སྟེགས7ཅན་གྱི་འགྲུལ་སྐྱེལ་རླངས་འཁོར་བསྐྱོད་པར་བྱས།
གསར་འགོད་པས་ཀྲུང་གོའི་མཁའ་འགྲུལ་ཅུས་ནས་ཤེས་གསལ་བྱུང་བ་ལྟར་ན། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནས་བབ་གཏན་འཇགས་ཡིན་ཞིང་། རྒྱལ་ནང་གི་འགྲུལ་སྐྱེལ་བྱེད་ཚད་དང་འདུག་སྟེགས་སུ་འདུག་མཁན་དེ་མཁའ་འགྲུལ་ལས་མངོན་གསལ་གྱིས་ན་ནིང་གི་དྭངས་གསལ་དུས་ཆེན་དང་། ད་ལོའི་ལོ་སར་སྐབས་ལས་མཐོ། བྱེ་བྲག་ནས་བལྟས་ན། ཐོག་མའི་བསྡོམས་རྩིས་ལྟར་ན། དྭངས་གསལ་དུས་ཆེན་གྱི་སྐབས་སུ། མཁའ་འགྲུལ་གྱི་འགྲུལ་སྐྱེལ་མི་ཐེངས་ཁྲི432.8ཡིན་ཞིང་། ན་ནིང་གི་དྭངས་གསལ་དུས་ཆེན་སྐབས་ལས256.4%འཕར་བ་དང་། ཆ་སྙོམས་ཀྱི་འགྲུལ་བའི་འདུག་ཚད73.4%ཡིན་ལ། ན་ནིང་གི་དྭངས་གསལ་དུས་ཆེན་ལས་བརྒྱ་ཆའི་ཚེག8.1མཐོ་རུ་ཕྱིན་ཡོད་པ་རེད། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
དྭངས་གསལ་དུས་ཆེན་སྐབས་སུ་རྒྱལ་ཡོངས་ཀྱིས་བསྡོམས་པས་འགྲུལ་བ་མི་ཐེངས་དུང་ཕྱུར1.4ལས་བརྒལ་བ་སྐྱེལ་འདྲེན་བྱས་ཏེ་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་བྱེད་ཚད་དུས་མཉམ་ལས་འཕར་སྣོན་ཆེན་པོ་བྱུང་།