ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་དང་འཇར་པན་གྱི་ཕྱི་བློན་མའོ་མུའུ་མིང་ཁྲུང་གཉིས་ཀྱིས་ཕན་ཚུན་ལ་ཁ་པར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས5ཉིན། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་དང་འཇར་པན་གྱི་ཕྱི་བློན་མའོ་མུའུ་མིང་ཁྲུང་གཉིས་ཀྱིས་ཕན་ཚུན་ལ་ཁ་པར་བཏང་ནས་གྲོས་མོལ་མཛད།

ཝང་དབྱིས་བཤད་རྒྱུར། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ། ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ནི་ཡུན་རིང་གི་ཁྱིམ་མཚེས་དང་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེན་པོ་གཉིས་པ་དང་། གསུམ་པ་ཡིན་པའི་ཆ་ནས་དུས་རབས་ཀྱི་རླབས་རྒྱུན་དང་རྒྱལ་སྤྱིའི་གནས་བབ་དང་བསྟུན་ཏེ། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། གཉིས་ཕན་མཉམ་ལས་བཅས་བྱས་ཏེ་ས་ཁུལ་དེ་དང་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལས་དོན་ཆེད་མཉམ་དུ་དགེ་མཚན་ལྡན་པའི་ནུས་པ་བཏོན། ཕྱོགས་གཉིས་པོས་ཀྲུང་གོ་དང་འཇར་པན་བར་གྱི་ཐོབ་དཀའ་བའི་འབྲེལ་བར་འཕེལ་རྒྱས་ལ་གཅེས་འཛིན་དང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་དབུ་བཞུགས་བློན་ཆེན་ཅན་དབྱི་ཝུའེ་གཉིས་ཀྱིས་ན་ནིང་ཁ་པར་ལས་གྲོས་མཐུན་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་དང་དགོངས་དོན་བརྩི་སྲུང་ནན་པོ་བྱེད་པ་བཅས་བྱས་ནས།  རྒྱལ་ཁབ་གཉིས་པོའི་འབྲེལ་བར་དཀའ་ངལ་མི་ཡོང་བ་དང་། འཕེལ་མཚམས་མི་འཇོག་པ། ཕྱིར་བཤོལ་མི་བྱེད་པ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་ཆེན་མོའི་འགྲན་རྒོལ་གྲས་སུ་མི་ཚུད་པ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ནི་རང་ཚུགས་རང་བརྟེན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས་ཀྲུང་གོའི་འཕེལ་རྒྱས་ལ་དངོས་ཡོད་དང་རྗེས་དཔག་གི་ལྟ་སྟངས་འཛིན་དགོས་པ་ལས། ཀྲུང་གོར་ཕྱོགས་ཞེན་གྱི་ལྟ་ཚུལ་ཡོད་པའི་རྒྱལ་ཁབ་སྐོར་ཞིག་གིས་ཁྲིད་སྟོན་མི་བྱེད་པའི་རེ་བ་བྱེད་བཞིན་ཡོད། འཇར་པན་དང་ཨ་རིར་མནའ་མཐུན་གྱི་འབྲེལ་བ་ཡོད་པ་དང་། ཀྲུང་གོ་དང་འཇར་པན་གྱིས་ཀྱང་ཞི་བདེ་མཛའ་མཐུན་གྱི་ཆིངས་ཡིག་ལ་མིང་རྟགས་བཀོད་ཡོད་པས། འཇར་པན་གྱིས་ཆིངས་ཡིག་ལག་བསྟར་བྱེད་པའི་འོས་འགན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཡག་པོ་གཉེར་བར་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ད་ལོ་དང་སང་ལོའི་ཀྲུང་གོ་དང་འཇར་པན་བར་གྱི་རིག་གནས་ལུས་རྩལ་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལོ་འཁོར50ལོན་པ་གོ་སྐབས་སུ་བྱས་ནས། ཧུར་ཐག་གིས་རྒྱལ་ཁབ་གཉིས་པོའི་རྒྱལ་དམངས་ཀྱི་བརྩེ་དུང་ཇེ་ལེགས་སུ་བཏང་སྟེ། བརྟན་བརླིང་དང་བདེ་བླག་གི་ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བ་དེ་རྗེས་མའི་ལོ་ངོ50ཐོག་ཁྲིད་འདོད་ཡོད་ཅེས་གསུངས་པ་རེད།

མའོ་མུའུ་མིང་ཁྲུང་གིས་བཤད་རྒྱུར། འཇར་པན་དང་ཀྲུང་གི་ནི་ཕན་ཚུན་གྱི་ཁྱིམ་མཚེས་ཡིན་པ་དང་།  འཇར་པན་དང་ཀྲུང་གོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་སུ་འགྲོ་རྒྱུ་ནི་རྒྱལ་ཁབ་གཉིས་དང་ས་ཁུལ་ཙམ་མ་ཟད། ཐ་ན་འཛམ་གླིང་གི་ངོས་ནས་བརྗོད་ན་ཧ་ཅང་གལ་ཆེན་ཡིན། འཇར་པན་དང་ཨ་རིའི་མནའ་མཐུན་གྱིས་དམིགས་བསལ་གྱི་ཕྱོགས་གསུམ་པར་དམིགས་པ་མིན་པར། འཇར་པན་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་འཇར་པན་དང་ཀྲུང་གོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་འགྱུར་ལ་འགྱུར་ལྡོག་མེད་པའི་འགན་ལེན་བྱེད་བཞིན་ཡོད། འཇར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་བ་རྒྱུན་འཁྱོངས་དང་། སྐད་ཆ་བཤད་རེས་ལ་ཤུགས་སྣོན། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེར་གཏོང་། མི་མཐུན་པའི་ཆ་དོ་དམ་ཚོད་འཛིན་འོས་འཚམ་བཅས་བྱས་ཏེ་འཇར་པན་དང་ཀྲུང་གོ་རྒྱལ་ཁབ་བར་གྱི་འབྲེལ་བ་རྒྱུན་གཏན་ཅན་དུ་འགྱུར་ནས་ལོ་ངོ50ལོན་པར་མཉམ་དུ་རྟེན་འབྲེལ་ཞུ་ཆེད་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས། འཇར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ཁྱབ་ཁོངས་སོ་སའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བྱས་ནས་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཡག་པོ་གཉེར་བར་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཝང་དབྱི་ཡིས་ཏེའོ་ཡུས་གླིང་ཕྲན་དང་ལྷོ་རྒྱ་མཚོ་སོགས་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་གནང་བ་དང་། འཇར་པན་ཕྱོགས་ཀྱིས་ཤིན་ཅང་དང་ཤང་ཀང་སོགས་ལ་འབྲེལ་བ་ཡོད་པའི་ཀྲུང་གོའི་ནང་སྲིད་ལ་མི་ཞུགས་པ་དང་། འཇར་པན་ཕྱོགས་ཀྱིས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་བརྩི་སྲུང་ཞུས་ཏེ། ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཆ་ནས་ཀྲུང་གོའི་ནང་ཁུལ་གྱི་ལས་དོན་ལ་མ་མཐར་ཡང་བརྩི་འཇོག་བྱེད་དགོས་པར་བསྟན།

ཕྱོགས་གཉིས་པོས་ད་དུང་ས་ཁོངས་མཉམ་ལས་དང་གནམ་གཤིས་འགྱུར་ལྡོག དེ་བཞིན་འབར་མའི་གནས་བབ་སོགས་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།