ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རྣམས་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་བཞི་པའི་ཚེས་གཉིས་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས། 

2.jpg

ཟླ་བཞི་པའི་ཚེས་གཉིས་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་གཉིས་ཉིན་གྱི་སྔ་དྲོར་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་སྐབས་བསྟན་དོན། ལོ་རེའི་དུས་ཚིགས་འདིར་ང་ཚོ་མཉམ་དུ་འོས་འགན་སྡོང་འཛུགས་ལ་ཞུགས་པ་ཡིན་ལ། མི་རེ་རེས་ལྗང་སྒྱུར་བྱེད་པ་དང་ནགས་སྐྲུན་བྱེད་པ།  ནགས་ཚལ་སྲུང་སྐྱོབ་བྱེད་པའི་དཔལ་ཡོན་སྲོལ་བཟང་དར་སྤེལ་བྱས་ནས། ཚང་མར་སྡོང་འཛུགས་ནགས་སྐྲུན་དང་མེས་རྒྱལ་ལྗང་སྒྱུར་བྱེད་པའི་འགན་འཁྲིའི་འདུ་ཤེས་ཡོད་པར་བྱེད་པ་དང་། སྤྱི་ཚོགས་སུ་རང་རྟོགས་འགུལ་སྐྱོད་ཆགས་པར་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་མཛེས་པའི་ཁྱིམ་གཞི་མཉམ་དུ་འཛུགས་སྐྲུན་བྱེད་དགོས་ཟེར།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ལྷན་དུ་རླངས་འཁོར་ལ་བཞུགས་ཏེ་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུའུ་ཝུན་ཡུས་ཧི་སྡོང་འཛུགས་བྱེད་སར་ཕེབས་ནས་རྒྱལ་སའི་མང་ཚོགས་དང་མཉམ་དུ་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས།

ཞི་ཅིན་ཕིང་རླངས་འཁོར་ལས་བབས་མ་ཐག་ཏུ་ལྕགས་ཁེམ་བཟུང་སྟེ་སྡོང་འཛུགས་བྱེད་སར་ཕེབས་པ་དང་། དེ་ན་སྡོང་བོ་འཛུགས་བཞིན་པའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་ནས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅི་ལ་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་ཚང་མར་ལག་བརྡ་བཏང་ནས་གུས་འདུད་ཞུས་པ་དང་། དེར་མཐུད་ནས་པེ་ཅིང་གྲོང་ཁྱེར་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ་ཡི་འགན་འཁུར་བློ་མཐུན། དེ་མིན་རྒྱལ་སའི་ལས་བྱེད་པ་དང་མང་ཚོགས། ན་ཆུང་གདོང་ལེན་རུ་མི་བཅས་དང་མཉམ་དུ་འོས་འགན་སྡོང་འཛུགས་ལ་ཞུགས། ཞི་ཅིན་ཕིང་གིས་སྡོང་བོ་འཛུགས་སྐབས། ན་ཆུང་གདོང་ལེན་རུ་མི་དང་ལྷན་དུ་སྡོང་རྩར་ཆུ་ལྡུག་ཞོར་དུ་རུ་མི་རྣམས་ཀྱི་སློབ་སྦྱོང་དང་འཚོ་བ། ངལ་རྩོལ་སྦྱོང་བརྡར་སོགས་ཀྱི་གནས་ཚུལ་ཞིབ་འདྲི་བྱས་པར་མ་ཟད། ཁོ་ཚོར་ཆུང་དུས་ནས་བཟུང་ངལ་རྩོལ་འདུ་ཤེས་དང་ངལ་རྩོལ་ལ་དགའ་ཞེན་ཆེ་བ་སྐྱེད་སྲིང་བྱེད་དགོས་པ་དང་། ངལ་རྩོལ་ལ་དགའ་བ་ནི་མིའི་གཞི་རྩའི་བྱང་ཚད་ཡིན་ལ། ཁྱོད་ཚོ་འཚར་ལོངས་བྱུང་རྗེས་མེས་རྒྱལ་སྔར་ལས་སྟོབས་ལྡན་དུ་འགྱུར་ངེས་ཡིན་པའི་རེ་བ་བཏོན།

སྡོང་བོ་འཛུགས་པའི་སྐབས་སུ། ཞི་ཅིན་ཕིང་གིས་ཡུལ་དངོས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་གསུངས་རྒྱུར། ད་ལོ་ནི་དམངས་ཡོངས་ཀྱིས་འོས་འགན་སྡོང་འཛུགས་བྱས་ནས་ལོ་བཞི་བཅུ་ལོན་པའི་ལོ་ཡིན། ལོ་བཞི་བཅུའི་རིང་ལ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་སྤོབས་པ་ཆེར་བསྐྱེད་སྒོས་མེས་རྒྱལ་གྱི་ས་གཞི་ཆེན་པོ་ལྗང་སྒྱུར་བྱས་པ་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་སྒྱུར་བྱས་པས། འཛམ་གླིང་ཡོངས་སུ་ནགས་ཚལ་གྱི་ཐོན་ཁུངས་རྒྱ་སྐྱེད་ཚད་ཆེས་ཆེ་བའི་རྒྱལ་ཁབ་ཏུ་གྱུར་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་གཙོ་བོ་ཡིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་རེ་བ་ཡིན་པ་དང་། ཀྲུང་ཧྭའི་དཔལ་ཡོན་གྱིས་ཕུན་སུམ་ཚོགས་པའི་སྐྱེ་ཁམས་དཔལ་ཡོན་བསམ་བློ་བསགས། འཕེལ་རྒྱས་ཀྱི་དུས་སྐབས་གསར་པས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ལ་སྔར་ལས་མཐོ་བའི་རེ་བ་བཏོན་པས། ངེས་པར་དུ་ནུས་ཤུགས་ཆེན་པོ་བཏོན་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཧུར་ཐག་སྒོས་འཛམ་གླིང་འཕེལ་རྒྱས་ཀྱི་རླབས་རྒྱུན་ལ་སྣེ་ཁྲིད་བྱེད་དགོས། ང་ཚོས་རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་ཆགས་པར་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་ཐོག་མར་དམ་འཛིན་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པ་དང་། ནགས་ཚལ་གྱི་གཞི་ཁྱོན་ཇེ་ཆེར་གཏོང་བ་དང་ནགས་ཚལ་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བར་མ་ཟད། སྐྱེ་ཁམས་མ་ལག་གི་ཐཱན་བསྡུ་ཚད་འཕར་མཐོར་འདེགས་སུ་བཏང་ནས། རང་རྒྱལ་གྱི་ཐཱན་སྙོམས་སྦྱོར་དང་ཐཱན་ཉུང་གཏོང་གི་དམིགས་འབེན་མངོན་འགྱུར་བྱེད་པ་དང་འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་ནི་མི་རེ་རེ་ཡིས་འབད་བརྩོན་བྱས་པ་དང་འབྲལ་ཐབས་མེད། མཛེས་པའི་ཀྲུང་གོ་ཞིག་ཡིན་ན་མེས་རྒྱལ་གྱི་རི་ཆུ་ལུང་གསུམ་སྔར་ལས་མཛེས་པར་བྱེད་པ་དང་ཀྲུང་ཧྭ་མི་རིགས་མི་རབས་ནས་མི་རབས་བར་བདེ་ཐང་ཡིན་དགོས། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཡོངས་ལ་སྐུལ་སློང་དང་དམངས་ཡོངས་དང་སྤྱི་ཚོགས་ཡོངས་ཞུགས་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྩ་འཛུགས་ཀྱི་ནུས་པར་ཤུགས་སྣོན་ཞིང་བྱ་བའི་རྐྱེན་སྲོལ་གསར་སྐྲུན་བྱེད་པ་དང་། དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས། སྤྱི་ཚོགས་ཡོངས་འོས་འགན་སྡོང་འཛུགས་ཁྲོད་ཞུགས་པའི་བརྩོན་སེམས་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྣེ་ཁྲིད་དེ་སྡོང་འཛུགས་འོས་འགན་ལག་བསྟར་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་འཚོ་བའི་རྣམ་པ་ལག་བསྟར་བྱེད་དགོས་ལ། ང་རང་ཚོའི་སའི་གོ་ལའི་ཁྱིམ་གཞིར་སྲུང་སྐྱོབ་བཟང་བོ་བྱེད་པ་དང་མེས་རྒྱལ་གྱི་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་བཟང་བོ་བྱས་ནས། མི་དམངས་ཡོངས་ལ་སྤུས་ཚད་མཐོ་བའི་འཚོ་བ་རོལ་དུ་འཇུག་དགོས་ཟེར།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་སོགས་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས།།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།