ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་ནས་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས1ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་ནས་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་གྱི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་དངོས་བདེ་འཇགས་ཐད་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་ཁྱོན་ཡོངས་དང་ནུས་ལྡན་སྒོས་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱེད་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་དངོས་བདེ་འཇགས་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་འཐབ་ཇུས་དང་སྲིད་ཇུས། སྐྱེ་དངོས་བདེ་འཇགས་ཁྲིམས་འཛུགས་ཐད་ལ་བཀོད་སྒྲིག་རབ་དང་རིམ་པ་བྱས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱས་ཏེ། ན་ནིང་གི་ཟླ་བཅུ་བར་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། དེ་ལས་རང་རྒྱལ་གྱི་སྐྱེ་དངོས་བདེ་འཇགས་དེ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་དུས་སྐབས་གསར་བར་ཞུགས་པ་དང་།  སྐྱེ་དངོས་བདེ་འཇགས་ཁྱབ་ཁོངས་སུ་རྒྱལ་ཁབ་སྐྱེ་དངོས་བདེ་འཇགས་ཀྱི་འཐབ་ཇུས་དང་བཅའ་ཁྲིམས། སྲིད་ཇུས་བཅས་ཕྱོགས་གསུམ་གཞི་གཅིག་གི་སྐྱེ་དངོས་བདེ་འཇགས་ཉེན་ཁའི་འགོག་འཛིན་དང་བཅོས་སྐྱོང་མ་ལག་ཆགས་པ་མཚོན་ཡོད་ཟེར།

ལིས་ཀྲིན་ཧྲུའུ་ཡིས་བསྟན་དོན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་མགོ་བཟང་བོ་འཛུགས་པའི་ལོ་ཡིན། སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་པས། གཅིག བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་ལམ་ལུགས་གཙོ་བོ་ཁྱོན་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱེད་དགོས། གཉིས། སྲིད་གཞུང་གི་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པ་འི་འགན་འཁྲི་དང་བཅའ་ཁྲིམས་ཀྱི་ལས་འགན་ཁྱོན་ཡོངས་ནས་དངོས་འབེབས་བྱེད་དགོས། གསུམ། ཁྲིམས་སྐྱོང་ཁྲིམས་འཛིན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་དགོས། བཞི། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་དང་ལམ་ལུགས་འགན་སྲུང་མ་ལག་མྱུར་དུ་གསར་སྐྲུན་བྱེད་དགོས་ཟེར།

ཝང་ཁྲིན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་གཞུང་སྒྲུབ་ཁང་དང་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཕྱི་འབྲེལ་པུའུ། ཚན་རྩལ་པུའུ། ཞིང་ལས་ཞིང་སྡེ་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། ཁྲིམས་འཛིན་པུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།