ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཚོང་རའི་གཙོ་གཞིའི་གསོན་ཤུགས་སྔར་ལས་ཇེ་ཆེར་བཏང་སྟེ་འཕེལ་རྒྱས་ཀྱི་གཏིང་ཤུགས་ཇེ་ཆེར་གཏོང་བར་དམིགས་ནས། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བྱེད་ཐབས་གསར་པ་གཏན་ལ་ཕབ་པ་དང་། ཁྲལ་འཕྲི་ཡོན་གཅོག་ལ་སྐུལ་འདེད་བཏང་ནས་ཁེ་ལས་ཆུང་བ་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་སོགས་ཀྱི་ཁྲལ་འཕྲི་སྲིད་ཇུས་དངོས་འབེབས་དང་ལེགས་སྒྱུར་བྱེད་རྒྱུར་བཀོད་སྒྲིག་བྱས།
ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། བརྟན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་འགན་སྲུང་དྲུག་གི་ལས་འགན་དངོས་འབེབས་བྱེད་སྐབས། ངེས་པར་དུ་ཚན་རིག་དང་མཐུན་པར་དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱེད་པ་དང་། ལངས་ཕྱོགས་བརྟན་པོ་སྲུང་འཛིན་བྱེད་དགོས་ལ། འགན་སྲུང་གི་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ་དང་བརྟན་འཇགས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ནས། དཔལ་འབྱོར་བརྟན་བརླིང་སྒོས་འཁོར་སྐྱོད་བྱེད་པ་དང་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།
ཚོགས་ཐོག་ནས་ཚོང་རའི་གཙོ་གཞིའི་གསོན་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་ལས་ཞུགས་བརྟན་འཇགས་དང་དམངས་ཚིས་འགན་སྲུང་བྱེད་པར་སྐུལ་འདེད་གཏོང་བར་དམིགས་ནས། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བྱེད་ཐབས་གཏན་འཁེལ་བྱས། གཅིག ལས་ཞུགས་ཁོར་ཡུག་ལེགས་བཅོས་བྱེད་དགོས། གཉིས། ཁེ་ལས་ཀྱིས་ཞིབ་བཤེར་ཆོག་མཆན་འགོད་པར་འབྲེལ་བ་ཡོད་པའི་ལས་རིམ་ཇེ་ཉུང་དུ་གཏོང་བ་དང་རྒྱུ་ཆ་ཇེ་ཉུང་དུ་གཏོང་བ། དུས་ཚོད་ཇེ་ཐུང་དུ་གཏོང་བ། གྲོན་དངུལ་ཇེ་ཉུང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། གསུམ། ནང་མཁོ་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱེད་དགོས། བཞི། སྔར་ལས་མང་པོའི་དམངས་ཚིས་ཞབས་ཞུ་དེ་ཞིང་ཆེན་བརྒལ་ནས་གཅིག་གྱུར་སྒོས་བསྒྲུབ་པར་སྐུལ་འདེད་གཏོང་དགོས། ལྔ། དྲང་བདེན་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་གཏོང་དགོས་པ་བཅས་རེད།
ཚོགས་ཐོག་ནས་ཁེ་ལས་ཆུང་བ་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་། སྔོན་ཐོན་གསར་བཟོ་ལས་རིགས་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་བསྡུ་གཟིགས་སྐྱོང་སྲིད་ཇུས་གཏན་འཁེལ་བྱས་པར་མ་ཟད། གོ་རིམ་ལྡན་ཞིང་ལུགས་མཐུན་སྒོས་ཁྲལ་མིན་ཡོང་སྒོ་ཇེ་ཉུང་དུ་གཏོང་དགོས་པ་དང་། རྦད་ཆོད་སྒོས་གྲོན་དངུལ་གང་འདོད་དུ་བསྡུ་བ་གཏན་འགོག་བྱེད་དགོས་ལ། འདྲ་མཉམ་ཀུན་ཕན་སྲིད་ཇུས་ལག་བསྟར་དང་བཅོས་སྒྱུར་ཟབ་སྤེལ་བྱས་ནས་ཚོང་རའི་གཙོ་གཞི་ལ་ཕན་འབྲས་བཟང་བོ་ཐོབ་ཏུ་འཇུག་དགོས་ཞེས་ནན་གྱིས་བསྟན།
ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།