ཀྲུང་གོ་བོད་ཀྱི་དྲ་བ།

《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས7པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་སྟེང་གི་གསུང་བཤད》ཅེས་པ་སྤེལ་བ་རེད།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བ་ནི། ཏང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པར་གཞི་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་ཡིད་ཆེས་ཀྱིས་ཁེངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ནང་ཞུགས་པར་བྱས་རྗེས་འཇོག་ཆེད་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ལོ་རྒྱུས་སློབ་སྦྱོང་ལ་བརྟེན་ནས་གནས་ལུགས་རྟོགས་པ་དང་ཡིད་ཆེས་ཆེེར་བསྐྱེད། སྤྱོད་བཟང་དར་སྤེལ། ཉམས་ལེན་འབད་སྒྲུབ་བཅས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་། བསམ་བློར་གོ་རྟོགས་བསྐྱེད་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་སྤེལ་བ་བཅས་བྱས་ཏེ་དཔའ་ངར་ཆེར་བསྐྱེད་ཀྱི་རྣམ་པའི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་དེ། ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་བསུ་བ་ཞུ་དགོས་ཞེས་བསྟན།

རྩོམ་ཡིག་ནང་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོའི་ཏང་གིས་སྔར་ནས་བཟུང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་མཐོང་ཆེན་བྱེད་ཀྱིན་ཡོད། རང་རེའི་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་དུས་སྐབས་གལ་ཆེན་དང་། “ལོ་བརྒྱ་གཉིས”པའི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་སྣོལ་མཚམས་གལ་ཆེན་གྱི་སྐབས་འདིར།  ཏང་ཡོངས་སུ་གཅིག་སྡུད་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཤིན་ཏུ་གལ་ཆེན་ཞིག་རེད། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ནི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཛིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། དད་སེམས་ཇེ་བརྟན་དུ་གཏོང་བ་དང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན་ལ།  ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་གནས་པར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ཞེས་བསྟན།

རྩོམ་ཡིག་ནང་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་གཙོ་གནད་མངོན་གསལ་ཡོང་དགོས། དང་པོ། བསམ་བློའི་སྟོབས་ཤུགས་ཆེན་པོར་སྔར་བས་ཤེས་རྟོགས་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་བསྐྱེད་པར་ཤུགས་སྣོན་དགོས།   གཉིས་པ། ལོ་རྒྱུས་གོང་དུ་འཕེལ་བའི་ཆོས་ཉིད་དང་གནས་བབ་ཆེན་པོ་སྔར་ལས་ལྷག་པར་ཁོང་དུ་ཆུད་པར་བྱས་ནས། ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་འཕེལ་བའི་ལོ་རྒྱུས་ཀྱི་རང་འགུལ་ལ་དམ་འཛིན་བྱེད་དགོས། གསུམ་པ། ཏང་གི་ངོ་བོ་དང་དམིགས་ཡུལ་ལ་ངོས་འཛིན་སྔར་བས་ཇེ་ཟབ་ཏུ་བཏང་ནས་ཐོག་མཐའ་བར་གསུམ་དུ་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གི་མངོན་གསལ་དོད་པའི་རང་བཞིན་རྒྱུན་འཁྱོངས་བྱ་དགོས། བཞི་པ། སྔར་ལས་ལྷག་པའི་སྒོ་ནས་ང་གི་ལོ་རྒྱུས་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།  ལྔ་པ། གསར་བརྗེའི་སྙིང་སྟོབས་སྔར་བས་དར་སྤེལ་བཏང་ནས་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་དགོས།  དྲུག་པ། ཏང་གི་མཐུན་སྒྲིལ་དང་གཅིག་སྡུད་གཅིག་གྱུར་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། ཏང་ཡོངས་གོམ་སྟབས་གཅིག་མཚུངས་ངང་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། 

རྩོམ་ཡིག་ནང་བསྟན་དོན། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་འགན་གཙོ་བོ་བསྒྲུབས་ཏེ་ཕན་འབྲས་དངོས་དོན་གཉེར་བྱེད་དགོས།  ཏང་ཡོངས་ཀྱིས་ཚད་མཐོའི་མཐོང་ཆེན་དང་བསམ་བློའི་གོ་རྟོགས་མཐོ་རུ་བཏང་ནས་དོན་དངོས་ལ་གཞི་ཚུགས་པ་དང་བདེན་སྲུང་གསར་གཏོད་བྱས་ཏེ་ཚད་གཞི་དང་སྤུས་ཚད་མཐོ་བའི་སྒོ་ནས་སློབ་སྦྱོང་སློབ་གསོའི་ལས་འགན་སོ་སོ་ལེགས་སྒྲུབ་བྱེད་དགོས།  གཅིག་ནི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས།  གཉིས་ནི་ཏང་གི་ལོ་རྒྱུས་ལྟ་བ་ཡང་དག་འཛུགས་དགོས།  གསུམ་ནི་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་དགོས།  བཞི་ནི་བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱ་རྒྱུར་དོ་སྣང་བྱེད་དགོས།   སྤྱི་ཚོགས་ཡོངས་སུ་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། ཏང་གི་ལོ་རྒྱུས་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མང་ཚོགས་ཁྲོད་ཟབ་ཞུགས་དང་། གཞི་རིམ་དུ་ཟབ་ཞུགས། མིའི་སེམས་གཏིང་དུ་འཇགས་པ་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།