ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་པར་སྐྲུན་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་བསྡུས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས30ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས2021ལོའི་པར་སྐྲུན་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་སྒྲོག་བསམ་བློའི་བྱ་བའི་སྐོར་གྱི་གཞུང་ལུགས་ཞིབ་བརྗོད་ལ་སློབ་སྦྱོང་དང་། ཏན་ཏིག་གིས་རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལོ་ཧྲིལ་བོའི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས་ཏེ། པར་སྐྲུན་བྱ་བས་དྲང་འཛིན་གསར་གཏོད་དང་། རྣམ་པ་གསར་སྐྲུན་བྱས་ནས་པར་སྐྲུན་བྱ་བར་གྲུབ་འབྲས་གསར་བ་ཞིག་ཐོན་པར་སྐུལ་འདེད་བཏང་།

ཚོགས་འདུས་ནན་གྱིས་བསྟན་དོན། དྲིལ་སྒྲོག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་པར་སྐྲུན་བྱ་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་དང་གཅིག་གྱུར་འཆར་འགོད་ལ་ཤུགས་བསྣན་ཏེ། ཞིབ་འཇུག་གཏིང་ཟབ་དང་འགྲེལ་བརྗོད་གནད་དུ་ཐིངས་པ། ཁྱད་ཆོས་གསལ་བོ་ཡོད་པའི་ཕུལ་བྱུང་བརྩམས་ཆོས་སྒྲིག་རྩོམ་བྱེད་པར་ཁག་ཐེག་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་བརྗོད་དོན་དང་དམ་དུ་འབྲེལ་ཏེ། བརྩམས་ཆོས་ཆེ་གྲས་སྐོར་ཞིག་པར་སྐྲུན་བྱེད་པར་འཆར་འགོད་བྱེད་པ་དང་། གུང་ཁྲན་ཏང་བཟང་བ་དང་སྤྱི་ཚོགས་རིང་ལུགས་བཟང་བ། བཅོས་བསྒྱུར་སྒོ་འབྱེད་བཟང་བ། རླབས་ཆེའི་མེས་རྒྱལ་བཟང་བ།རིགས་སོ་སོའི་མི་དམངས་བཟང་བའི་དུས་རབས་ཀྱི་གདངས་དབྱངས་མཐོན་པོར་གྱེར་དགོས། བྱང་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་དང་དམ་དུ་འབྲེལ་ཏེ། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བྱས་ནས། སྤྱི་ཚོགས་ཀྱི་ཕན་འབྲས་གོ་གནས་གཙིགས་སུ་བཟུང་སྟེ། འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བཅོས་བྱེད་པ་དང་པར་སྐྲུན་གྱི་གསོན་ཤུགས་དང་གསར་སྐྲུན་ནུས་ཤུགས་སྐུལ་སྤེལ་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་གོ་སྐབས་སུ་བཟུང་ནས། པར་སྐྲུན་འཇོན་མི་འཛུགས་སྐྲུན་ལ་ཤུགས་བསྣོན་དང་པར་སྐྲུན་དཔུང་ཁག་གིས་བསམ་བློ་ཆབ་སྲིད་ཀྱི་སྤུས་ཚད་དང་། གཞུང་ལུགས་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། དུས་རབས་གསར་བར་འཚམས་པའི་ཆེད་ལས་ནུས་ཤུགས་དང་བྱེད་སྟངས་གསོ་སྐྱོང་བྱས་ནས། ཆབ་སྲིད་བྱང་ཚད་དང་རྩལ་ནུས་མཐོ་བ། དངོས་ཐོག་གསར་གཏོད། དམག་འཐབ་ལ་མཁས་པའི་པར་སྐྲུན་དཔུང་ཁག་ཅིག་གསར་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།