ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་གསར་བརྗེའི་རིག་དངོས་བྱ་བར་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསར་བརྗེའི་རིག་དངོས་བྱ་བར་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། གསར་བརྗེའི་རིག་དངོས་ལས་ཏང་དང་མི་དམངས་ཀྱིས་སྤོབས་པ་ཆེན་པོས་འབད་འཐབ་བྱས་པའི་གཟི་བརྗིད་ལོ་རྒྱུས་མཚོན་པར་བྱས་ཤིང་། ཀྲུང་གོའི་གསར་བརྗེ་ཡི་རླབས་ཆེན་ལོ་རྒྱུས་བརྒྱུད་རིམ་དང་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་ཡོད་པ་དང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་རིན་ཐང་བྲལ་བའི་རྒྱུ་ནོར་ཡིན་པ་དང་། གསར་བརྗེའི་སྲོལ་རྒྱུན་དང་གསར་བརྗེའི་རིག་གནས་དར་སྤེལ་བྱེད་པ་དང་སྤྱི་ཚོགས་རིང་ལུགས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། རྒྱལ་གཅེས་ཀྱི་སྤྲོ་སེམས་སྐུལ་བ། མི་རིགས་སྙིང་སྟོབས་དར་སྤེལ་བྱེད་པའི་གསོན་ཉམས་ལྡན་པའི་བསླབ་དེབ་ཅིག་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་ཞིང་གསར་བརྗེའི་རིག་གནས་དར་སྤེལ་བྱེད་པ་དང་། དམར་དམག་གཞི་རྒྱུ་རྒྱུན་འཛིན་བྱེད་པ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་བཀོལ་སྤྱོད་བྱ་བ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་དུ་བཞག་སྟེ་བྱ་བའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ནུས་ཤུགས་གང་ཡོད་སྒོས་གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་དོ་དམ། བཀོལ་སྤྱོད་བཟང་བོ་བྱེད་དགོས་ལ། གསར་བརྗེའི་རིག་དངོས་ཀྱིས་ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོ་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོ། རྒྱལ་གཅེས་རིང་ལུགས་སློབ་གསོ་སོགས་ཕྱོགས་སུ་ནུས་པ་གལ་ཆེན་འདོན་དགོས་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་སྟོབས་ཤུགས་སྐུལ་ཞིང་ཡིད་ཆེས་ལྡབ་འགྱུར་བཅངས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་འཐབ་བྱེད་དགོས་ཟེར།

རྒྱལ་ཡོངས་ཀྱི་གསར་བརྗེའི་རིག་དངོས་བྱ་བའི་གྲོས་ཚོགས་ཚེས་སུམ་ཅུ་ཉིན་པེ་ཅིན་ནས་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཚོགས་ཐོག་ཏུ་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་གྱིས་ཚོགས་ཐོག་ཏུ་གཏམ་བཤད་དེ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལས་གསར་བརྗེའི་རིག་དངོས་བྱ་བའི་དོན་སྙིང་གལ་ཆེན་དང་དམིགས་འབེན་དང་ལས་འགན། གཞི་རྩའི་རེ་བ་བཅས་རྒྱས་བཤད་བྱས་ཡོད་པ་དང་།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གསར་བརྗེའི་རིག་དངོས་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་མཚོན་ཞིང་དེ་ནི་དུས་རབས་གསར་པའི་གསར་བརྗེའི་རིག་དངོས་བྱ་བ་བཟང་བོར་བསྒྲུབ་པའི་བསྲུང་བྱ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བཟང་བོ་བྱས་ཏེ། གསར་བརྗེའི་རིག་དངོས་བྱ་བས་གསར་བརྗེའི་ལོ་རྒྱུས་བདེན་དཔང་བྱེད་པ་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ་ཕྱོགས་ཀྱི་ནུས་པ་གཙོ་བོར་ངོས་འཛིན་གསལ་བོ་བྱེད་པར་མ་ཟད། དུས་རབས་གསར་པའི་རེ་བ་གསར་པ་དང་ཟུང་འབྲེལ་བྱས་ཏེ། སྲུང་སྐྱོབ་དང་དོ་དམ། བཀོལ་སྤྱོད་བཅས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པར་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། གསར་བརྗེའི་རིག་དངོས་བྱ་བའི་ཐད་ལ་རྣམ་པ་གསར་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

རྒྱལ་ཁབ་རིག་དངོས་ཅུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། དེ་མིན་ཅང་ཞི་དང་ཧྲན་ཞི། ཧུའུ་ནན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཚོགས་ཐོག་ཏུ་གཏམ་བཤད།

ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན། གསར་བརྗེའི་རིག་དངོས་སྲུང་སྐྱོབ་བཀོལ་སྤྱོད་ས་ཁུལ་གྱི་འཐུས་མི། གསར་བརྗེའི་རིག་དངོས་ཆེད་མཁས་པའི་འཐུས་མི་སོགས་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།