ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མིང་རྟགས་བཀོད་དེ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས30ཉིན་གྱི་སྔ་དྲོར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པ་མི་དམངས་ཚོགས་ཁང་ཆེན་མོར་མཇུག་སྒྲིལ་བ་རེད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། གསར་དུ་བཟོ་བཅོས་བྱས་པའི 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་ཟུར་བཀོད་དང་པོ་སྟེ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་གདམ་པའི་བྱེད་ཐབས》དང་། གསར་དུ་བཟོ་བཅོས་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་ཟུར་བཀོད་གཉིས་པ་སྟེ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ཚོགས་པ་གདམ་པའི་བྱེད་ཐབས་དང་བརྡས་ཐག་གཅོད་པའི་གོ་རིམ》ལ་འདེམས་ཤོག་ཆ་ཚང་གིས་གྲོས་འཆམ་བྱུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང75དང་ཨང76སོ་སོར་མིང་རྟགས་བཀོད་དེ་ཁྱབ་བསྒྲགས་བྱས་པ་རེད། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་མཇུག་འགྲིལ་ཚོགས་འདུར་མགོ་འཛིན་མཛད།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི167ཚོགས་འདུར་ཞུགས་ཡོད་པས་ཚོགས་ཞུགས་མི་གྲངས་དེ་ཁྲིམས་བཀོད་མི་གྲངས་དང་མཐུན། 

ཚོགས་འདུའི་ཐོག་ད་དུང་བསྐོ་འཐེན་གྱི་འབྲེལ་ཡོད་གྲོས་གཞིར་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། 

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་དང་། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་ཡའོ་ཡོའོ། ཅི་པིང་ཤོན། ཨའེ་ལི་ཀེང·དབྱི་མིང་པ་ཧེ། ཝན་ཨེ་ཞང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པདྨ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝུའེ་ཧྭ་བཅས་དང་དྲུང་ཡིག་ཆེན་མོ་དབྱང་ཀྲེན་ཝུའུ་ཚོགས་འདུར་ཞུགས་ཡོད།

རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དབྱང་ཞའོ་ཏུའུ། རྒྱལ་དོན་ཨུ་ཡོན་ཀྲའོ་ཁེ་ཀྲི། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན་ཀྲང་ཅུན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཁོངས་མི་སྐོར་ཞིག་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་སྐོར་ཞིག  འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཟུར་ཞུགས་བྱས།

མཇུག་འགྲིལ་ཚོགས་འདུའི་སྔོན་ལ། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གི་ཚོགས་འདུ་ཐེངས་གྱ་དགུ་པ་དང་ཐེངས་དགུ་བཅུ་པ་གཙོ་སྐྱོང་གནང་ནས་འབྲེལ་ཡོད་གྲོས་གཞིར་གྲོས་ཞིབ་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དབྱང་ཀྲེན་ཝུའུ་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གྱིས་འབྲེལ་ཡོད་གྲོས་གཞིར་སྙན་ཞུ་ཕུལ། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།