རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་དགུ་ཉིན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བརྒྱད་ཇེ་མང་དུ་སོང་བ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་སུམ་ཅུ་ཉིན་ཁྱབ་བསྒྲགས་བྱས་དོན།  ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བརྒྱད་ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་།  ཚང་མ་ཕྱི་ནས་མཆེད་པའི་ནད་པ་ཡིན་ལ།ཧྲང་ཧེ་ནད་པ་གསུམ་དང་སི་ཁྲོན་དུ་ནད་པ་གསུམ། ཀོང་ཏུང་དུ་ནད་པ་གཉིས་བཅས་བྱུང་།       རང་ས་གནས་ཀྱི་ནད་པ་གཅིག་ཀྱང་མེད།

ཉིན་དེར་དྲག་སྐྱེད་བྱུང་བའི་ནད་པ་བདུན་སྨན་ཁང་ནས་ཕྱིར་བུད་པ་དང་། འབྲེལ་འདྲིས་མཁན་མི་བརྒྱ་དང་གོ་དགུ་ལ་གསོ་རིག་ཐད་ནས་བརྟག་དཔྱད་བྱས་རྗེས་རིམས་ནད་འགོས་མེད་པར་ཐག་བཅད་ཅིང་། ནད་པ་ལྗིད་མོའི་གྲངས་ཀ་ཉིན་སྔོན་མ་དང་སྡུར་ན་འདྲ་མཉམ་རེད།

ད་ལྟ་ཕྱི་ནས་མཆེད་པའི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བརྒྱ་དང་བདུན་ཅུ་ཡོད་ལ།  བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་ལྔ་དང་ཉིས་བརྒྱ་གྱ་ལྔ་ཡོད་པ་དང་།  དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་བསྡོམས་པས་སྟོང་ལྔ་དང་བརྒྱ་དང་བཅོ་ལྔ་ལ་སླེབས་པ་དང་རྐྱེན་ལམ་དུ་ཤོར་བ་གཅིག་ཀྱང་མེད།

ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ས་ཁུལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་ཁྲི་གཅིག་དང་སྟོང་གཉིས་ལྔ་བརྒྱ་ཉེར་ལྔ་ཡར་ཞུ་བྱས་ཤིང་དེའི་ནང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་ཁྲི་གཅིག་དང་སྟོང་གཅིག་བཞི་བརྒྱ་ང་བཞི་ཡོད་པ་དང་། ནད་པ་ཁྲི་གཅིག་དང་སྟོང་གཅིག་དོན་ལྔ་སྨན་ཁང་ནས་ཕྱིར་བུད་པ། ནད་པ་ཉིས་བརྒྱ་དང་ལྔ་རྐྱེན་ལམ་དུ་ཤོར། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་ཞེ་བརྒྱད་ཡོད་པ་དང་། ནད་པ་ཞེ་བརྒྱད་སྨན་ཁང་ནས་ཕྱིར་བུད། ཐེ་ཝན་ས་ཁུལ་དུ་ནད་པ་སྟོང་གཅིག་དང་ཉེར་གསུམ་ཡོད་པ་དང་ནད་པ་དགུ་བརྒྱ་དང་དོན་དགུ་སྨན་ཁང་ནས་ཕྱིར་བུད་ཡོད་ལ། ནད་པ་བཅུ་རྐྱེན་ལམ་ཤོར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།