ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྲ་གཟུགས་བེད་མེད་དངོས་པོས་ཁོར་ཡུག་བཙོག་པར་བཟོ་བར་འགོག་བཅོས་བྱེད་པའི་བཅའ་ཁྲིམས་ཀྱི་ཁྲིམས་སྐྱོང་ཞིབ་བཤེར་ཚན་ཁག་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྲ་གཟུགས་བེད་མེད་དངོས་པོས་ཁོར་ཡུག་བཙོག་པར་བཟོ་བར་འགོག་བཅོས་བྱེད་པའི་བཅའ་ཁྲིམས་ཀྱི་ཁྲིམས་སྐྱོང་ཞིབ་བཤེར་ཚན་ཁག་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་རྒྱུན་མཐུད་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཁྲིམས་སྐྱོང་རྣམ་པར་བརྟེན་ནས་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དང་། བཀོད་སྒྲིག་ཞིབ་མོ་བྱས་ནས་ཁྲིམས་སྐྱོང་ཞིབ་བཤེར་ཐད་ནས་བླངས་པའི་གྲུབ་འབྲས་ངོ་མར་འགན་སྲུང་བྱེད་པ་དང་། གསར་དུ་བཟོ་བཅོས་བྱས་པའི་སྲ་གཟུགས་བེད་མེད་དངོས་པོས་ཁོར་ཡུག་བཙོག་པར་བཟོ་བར་འགོག་བཅོས་བྱེད་པའི་བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་བཤད་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱས་ཏེ། རྦད་ཆོད་སྒོས་བཙོག་བཟོ་འགོག་བཅོས་བྱེད་པའི་བྱེད་ཐབས་བཏོན་པ་དང་། གཞི་རྩ་རང་བཞིན་དང་གསར་སྐྲུན་རང་བཞིན། ཡུན་རིང་རང་བཞིན་གྱི་བྱ་བ་སྣ་ཚོགས་བསྒྲུབས་ནས། བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་འཐབ་ཇུས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པར་སྐུལ་འདེད་བཏང་། ཐེངས་འདིའི་སྲ་གཟུགས་བེད་མེད་དངོས་པོས་ཁོར་ཡུག་བཙོག་པར་བཟོ་བར་འགོག་བཅོས་བྱེད་པའི་བཅའ་ཁྲིམས་ཀྱི་ཁྲིམས་སྐྱོང་ཞིབ་བཤེར་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་གལ་ཆེན་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་ཐེངས་ལོ་བཞི་པ་ཡིན་ལ། ད་ལོར་ད་དུང་གྲོས་ཞིབ་ལོ་ཚད་ཀྱི་ཁོར་ཡུག་གནས་ཚུལ་དང་ཁྲིམས་ལྟར་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བཟང་བོ་བྱས་པའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་སོགས་ལ་ཉན་རྒྱུ་དང་། དེའི་དམིགས་ཡུལ་ནི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་བཅའ་ཁྲིམས་ལག་བསྟར་ལྟ་སྐུལ་ནུས་པ་ཇེ་ཆེར་བཏང་ནས། རྒྱུན་མཐུད་སྒོས་བཙོག་བཟོ་འགོག་བཅོས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཞིབ་བཤེར་བྱེད་སྐབས་གནད་བཞི་གསལ་བོར་ཤེས་པར་བྱེད་དགོས། གཅིག བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་རྩ་དོན་གལ་ཆེན་དང་དེ་མིན་འབྲེལ་ཡོད་གཏན་འཁེལ་གྱི་དངོས་འབེབས་གནས་ཚུལ། གཉིས། གསར་དུ་ཁ་སྣོན་བྱས་པའི་ལམ་ལུགས་དང་བྱེད་ཐབས་གལ་ཆེན་དངོས་འབེབས་གནས་ཚུལ། གསུམ། བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་འགན་འཁྲི་དང་བཅའ་ཁྲིམས་འགན་འཁྲི་དངོས་འབེབས་གནས་ཚུལ། བཞི།  ཁྲིམས་སྲོལ་དང་ཚད་གཞི། མིང་བྱང་ཆ་ཚང་དུ་གཏོང་བའི་གཏན་འཁེལ་གནས་ཚུལ་བཅས་ཡིན།

ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཐེངས་འདིའི་ཁྲིམས་སྐྱོང་ཞིབ་བཤེར་ཚན་ཁག་གི་ཚན་གཙོའི་འགན་འཁུར་བ་དང་། ཞིབ་བཤེར་ཚན་ཁག་བཞི་རུ་བགོས་ཏེ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བརྒྱད་དུ་སོང་ནས་ཡུལ་དངོས་ནས་ཞིབ་བཤེར་བྱེད་རྒྱུ་ཡིན་ལ། དུས་མཉམ་དུ་ཞིང་ཆེན་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞན་དག་ལ་མངག་བཅོལ་བྱས་ཏེ་ཞིབ་བཤེར་བྱེད་རྒྱུ་དང་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་གཅིག་ལ་ཁེབས་པར་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།