ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞང་ཀང་གི་འདེམས་བསྐོ་ལམ་ལུགས་དང་འབྲེལ་བའི་བཟོ་བཅོས་མ་ཟིན་ལ་གྲོས་ཞིབ་ལེགས་བཅོས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པ་ཚེས29ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཤིང་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་མགོ་འཛིན་མཛད།

ཟླ3པའི་ཚེས29ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་དང་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་མགོ་འཛིན་མཛད།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི167ཐེངས་འདིའི་ཚོགས་འདུར་ཞུགས་ཤིང་ཚོགས་ཞུགས་མི་གྲངས་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།

 རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བའི《རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཆོད་དོན》གྱི་དགོངས་དོན་དང་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཨུ་ཡོན་ཀྲང་གི་ཚོགས་འདུས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་ཟུར་བཀོད་དང་པོ་སྟེ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་འདེམས་ཐོན་བྱེད་ཐབས(བཟོ་བཅོས་མ་ཟིན་)》སྐོར་གྱི་གྲོས་གཞི་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་ཟུར་བཀོད་གཉིས་པ་སྟེ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ཚོགས་པ་འཛུགས་ཐབས་དང་བརྡས་ཐག་གཅོད་པའི་གོ་རིམ་(བཟོ་བཅོས་མ་ཟིན)》སྐོར་གྱི་གྲོས་གཞི་གྲོས་ཞིབ་བྱེད་པར་འབུལ་སྤྲོད་བྱས། ཨུ་ཡོན་ཀྲང་གི་ཚོགས་འདུའི་མངགས་བཅོལ་ལྟར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲེན་ཁྲུན་ཡའོ་ཡིས་འཆར་ཟིན་གཉིས་ལ་བཟོ་བཅོས་བྱས་པའི་ཐད་ནས་གསལ་བཤད་བྱས།

ཚོགས་ཐོག་ནས་འབྲེལ་ཡོད་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་དང་ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་གཡོད་གཡོད། ཅི་པིང་ཤོན། ཨའེ་ལི་ཀེང·དབྱི་མིང་པ་ཧའེ། ཝན་ཨེ་ཤང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝུའེ་ཧྭ་བཅས་དང་དྲུང་ཡིག་ཆེན་མོ་དབྱང་ཀྲེན་ཝུའུ་བཅས་ཚོགས་འདུར་ཞུགས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧི་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དབྱང་ཞའོ་ཏུའུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲང་ཅུན། རྒྱལ་ཡོངས་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཁག་གཅིག་དང་། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཁག་གཅིག འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཟུར་ཞུགས་བྱས།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།