ཞི་ཅིན་ཕིང་དང་ཁུ་པའི་མགོ་ཁྲིད་ཀྱིས་ཕན་ཚུན་ལ་འཕྲིན་ཡིག་བསྐུར་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་ལའོ་ཨར་ཁཱ་སུ་ཐི་ལུའོ་དང་ཁུ་པ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏེ་ཡ་སི-ཁཱ་ནེ་ཨར་ལ་འཕྲིན་ལན་བསྐུར་ཏེ། ཁུ་པའི་མགོ་ཁྲིད་ཀྱིས་ཀྲུང་གོའི་དབུལ་ཐར་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལོན་པར་རྟེན་འབྲེལ་ཞུ་བ་ལ་བཀའ་དྲིན་ཆེ་ཞུས་པ་རེད།

ཞི་ཅིན་ཕིང་གིས་བཤད་རྒྱུར། ཀྲུང་གོ་དང་ཁུ་པ་རྒྱལ་ཁབ་གཉིས་ནི་གྲོགས་པོ་བཟང་བོ་དང་། བློ་མཐུན་བཟང་བོ། སྤུན་ཟླ་བཟང་བོ་བཅས་ཡིན།  ལོ་འདི་དག་ལ། ཀྲུང་གོ་དང་ཁུ་པའི་སྲོལ་རྒྱུན་མཛའ་བརྩེ་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པས། མཛའ་མཐུན་གྱི་མཉམ་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། པྲོག་གསར་གློ་ཚད་རིམས་ནད་ལ་འཐབ་རྩོད་བྱེད་པའི་གོ་རིམ་ཁྲོད། ཀྲུང་གོ་དང་ཁུ་པས་ཕྱར་བ་གྲུ་འདེགས་དང་སོ་སྲུང་རོགས་རེས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་འབྲེལ་བ་ཇེ་ཟབ་ཏུ་བཏང་ཡོད།  ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་ཁུ་པས་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་པར་མཐའ་འཁྱོངས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་ཁུ་པའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས།

ཉེ་ཆར། ལའོ་ཨར·ཁཱ་སུ་ཐི་ལའོ་དང་ཏེ་ཡ་སི-ཁཱ་ནེ་ཨར་རྣམ་གཉིས་ཀྱིས་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། ཁུ་པ་གུང་ཁྲན་ཏང་དང་ཁུ་པ་སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་ཞུས་ཏེ་ཀྲུང་གོའི་དབུལ་ཐར་དགག་སྒྲོལ་ཐད་ཕྱོགས་ཡོངས་ནས་རྒྱལ་ཁ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཀྲུང་གོའི་དབུལ་ནག་མེད་པར་བཟོ་བའི་རླབས་ཆེན་གྱི་བྱ་གཞག་ཁྲོད་གྲུབ་འབྲས་རླབས་ཆེན་བླངས་བ་དང་། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་སུ་གཏོང་བའི་གྲོས་རིམ》ཁྲོད་གཏན་ཁེལ་བྱས་པའི་དབུལ་ཕོངས་མེད་པར་གཏོང་བའི་དམིགས་འབེན་ལོ་བཅུའི་སྔོན་ལ་མངོན་འགྱུར་བྱུང་བར་བསྔགས་བརྗོད་བྱེད་བཞིན་ཡོད་ལ། ཁུ་པ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་འབྲེལ་བ་ཇེ་ཟབ་དུ་གཏོང་འདོད་ཡོད་ཞེས་བཤད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།