ལིས་ཀྲན་ཧྲུའུ་ཡིས་པ་ཞིའི་དམངས་གྲོས་ཁང་གི་གྲོས་དཔོན་ལིས་ལཱ་དང་གྲོས་མོལ་མཛད།

20210327094521XOwz.jpeg

ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་པ་ཞིའི་དམངས་གྲོས་ཁང་གི་གྲོས་དཔོན་ལིས་ལཱ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་པ་ཞིའི་དམངས་གྲོས་ཁང་གི་གྲོས་དཔོན་ལིས་ལཱ་དང་གྲོས་མོལ་མཛད།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་སྣེ་ཁྲིད་བྱས་འོག ཀྲུང་གོ་དང་པ་ཞིའི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་བྱུང་། ན་ནིང་གི་ཟླ་གསུམ་པར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པའོ་སོ་ན་ལོ་རྣམ་གཉིས་ཀྱིས་ཁ་པར་བཏང་བ་དང་ཡང་ཕན་ཚུན་ལ་འཕྲིན་ཡིག་བསྐུར་ཏེ། རིམས་འགོག་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་། དེང་སྐབས་ཀྲུང་གོ་དང་པ་ཞིའི་གྲོས་མོལ་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་འགྲོ་བཞིན་ཡོད་པ་དང་། དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། རྒྱལ་སྤྱིའི་ལས་དོན་ཁྲོད་དུ་འབྲེལ་འདྲིས་དང་རོགས་ལས་དམ་པོ་བྱས། ཀྲུང་གོ་དང་པ་ཞིའི་མི་དམངས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་སྐབས། ཕན་ཚུན་ལ་རོགས་རེས་བྱས་པ་དང་དཀའ་ཁག་མཉམ་སེལ་བྱས་པ་དེ་ལས་ཀྲུང་གོ་དང་པ་ཞིའི་མཉམ་ལས་ལ་མཉེན་ཆ་དྲག་པོ་ལྡན་པ་མཚོན་ཞིང་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་དང་ལས་རིགས་སོ་སོའི་རྒྱབ་སྐྱོར་ཆེན་པོ་ཐོབ་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཁྲིམས་འཛུགས་ལས་ཁུངས་བར་གྱི་འགྲོ་འོང་ནི་ཀྲུང་གོ་དང་པ་ཞིའི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་པ་ཞིའི་རྒྱལ་ཚོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བྱེད་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཟེར།

ལིས་ལཱ་ཡིས་བཤད་དོན། ཀྲུང་གོ་ཕྱོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དང་རིམས་འགོག་དངོས་རྫས་སོགས་ཕྱོགས་ནས་པ་ཞི་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ། པ་ཞིས་ཀྲུང་གོའི་རྒྱལ་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། པ་ཞི་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།