ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་སྐོར་ནས་ས་གནས་སྲིད་གཞུང་ཁག་ཅིག་གི་འགན་ཁུར་བ་གཙོ་བོའི་བརྙན་རིས་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20210327100648OBNp.jpeg

ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ནན་ཅིན་ནས་མགོ་འཛིན་མཛད་དེ་ས་གནས་སྲིད་གཞུང་ཁག་ཅིག་གི་འགན་ཁུར་བ་གཙོ་བོའི་བརྙན་རིས་བཞུགས་མོལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ནན་ཅིན་ནས་མགོ་འཛིན་མཛད་དེ་ས་གནས་སྲིད་གཞུང་ཁག་ཅིག་གི་འགན་ཁུར་བ་གཙོ་བོའི་བརྙན་རིས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། དུས་རིམ་རྗེས་མའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པར་བླང་བྱ་བཏོན།

བཞུགས་མོལ་ཚོགས་འདུའི་སྟེང་། ཅང་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོས་ཆིན་ཅན་དང་། ཧྲིན་ཀྲང་ཝུའུ་ཀྲིན་ལུང་། ཅི་ལིན་ཞིང་ཆེན་གྱི་ཧྲིན་ཀྲང་ཧན་ཅུན། ཅང་ཞི་ཞིང་ཆེན་གྱི་ཧྲིན་ཀྲང་དབྱི་ལེན་ཧུང་། ཀོང་ཏུང་ཞིང་ཆེན་གྱི་ཧྲིན་ཀྲང་མཱ་ཞིན་རོས། སི་ཁྲོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧོང་ཆཱང་བཅས་ཀྱིས་གཏམ་བཤད། ཚང་མས་བལྟས་ན་དེང་སྐབས་ས་གནས་དཔལ་འབྱོར་འཁོར་སྐྱོད་གཏན་འཇགས་ངང་བཟང་ཕྱོགས་སུ་འཕེལ་བཞིན་ཡོད་པ་དང་། དམིགས་ཚད་ཁ་ཤས་ཀྱི་འཕར་ཚད་ཅུང་མགྱོགས་མོད། ཡིན་ནའང་དཀའ་ངལ་དང་འགྲན་རྩོད་ཀྱང་མི་ཉུང་བ་གནས་ཟེར། ཚང་མས་ད་དུང་དོན་དངོས་དང་སྦྲེལ་ནས་གྲོས་གཞི་བཏོན། ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་པས། དཔལ་འབྱོར་འཁོར་སྐྱོད་ཀྱི་མགོ་བརྩམས་པ་བཟང་ལ། སྤྱིའི་ཆ་ནས་གཏན་འཇགས་ངང་སླར་གསོ་འབྱུང་བ་རྣམ་པ་རྒྱུན་འཁྱོངས་བྱས་ཡོད། ད་ལོའི་གནས་ཚུལ་དམིགས་བསལ་ཅན་ཡིན་པས། ངེས་པར་དུ་ཕྱོགས་ཡོངས་དང་ལུགས་མཐུན། བབ་བརླིང་གི་སྒོ་ནས་གནས་བབ་ལ་དབྱེ་ཞིབ་བྱས་ཏེ་ཁྲོམ་རའི་སྔོན་དཔག་ལ་ཁྲིད་སྟོན་བཟང་བོ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པ། གཏན་འཇགས་དྲུག་གི་བྱ་བ་མུ་མཐུད་དུ་བཟང་བོར་སྒྲུབ་པ། འགན་སྲུང་དྲུག་གི་ལས་འགན་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ། ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་ཧུར་ཐག་གིས་མངོན་འགྱུར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་གནས་སུ་སྲུང་འཛིན་བྱས་ཏེ། རྒྱུན་སྲིང་བདེ་ཐང་གི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས། དེང་སྐབས་རྒྱལ་སྤྱིའི་ཁོར་ཡུག་སྔར་བཞིན་རྙོག་འཛིང་ཆེ་བས་ཤུགས་རྐྱེན་ངན་པ་ཐེབས་སླ་བ་དང་། རྒྱལ་ནང་གི་དཔལ་འབྱོར་འཁོར་སྐྱོད་ཁྲོད་དུ་ཡང་ལས་ཞུགས་གནོན་ཤུགས་ཅུང་ཆེ་བ་དང་། ལས་རིགས་ཁ་ཤས་སླར་གསོ་བྱེད་དལ་བ་སོགས་ཀྱི་གནད་དོན་གནས་པས། ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་པར་མ་ཟད་དཀའ་ངལ་དང་འགྲན་རྩོད་ལ་ཡང་དྲང་མོར་གདོང་གཏོད་དགོས། གནད་འགག་དམ་འཛིན་གྱིས་ལས་ཞུགས་དང་དམངས་ཚིས། ཁྲོམ་རའི་གཙོ་གཞི་བཅས་ལ་འགན་སྲུང་བྱེད་པའི་སྲིད་ཇུས་ཀྱི་ནུས་ཤུགས་ཇེ་ཆུང་དུ་མི་གཏོང་བར། ནོར་སྲིད་ཐད་གཏོང་མ་དངུལ་གཞི་རིམ་དུ་མྱུར་མོར་ཐོན་པར་བྱེད་པ་དང་། ཁེ་ལས་ཆུང་བ་སོགས་ལ་ཁྲལ་རིན་གཅོག་པའི་སྲིད་ཇུས་མྱུར་དུ་ལག་བསྟར་བྱེད་རྒྱུ་མ་ཟད། སྒེར་ཚོང་གཉེར་མཁན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། དངོས་གཟུགས་དཔལ་འབྱོར་གྱི་དངུལ་རྩའི་ཞབས་ཞུ་ལ་ཤུགས་སྣོན་པ་དང་། བྱེད་ཐབས་སྣ་མང་གིས་ཁེ་ལས་ཆུང་བའི་དངུལ་བསྡུ་སྟབས་བདེ་ཅན་དུ་གཏོང་བ། ཕྱོགས་བསྡུས་དངུལ་བསྡུའི་མ་རྩ་ཇེ་དམའ་རུ་གཏོང་བ་བཅས་བྱེད་དགོས། ལས་ཞུགས་རྒྱ་བསྐྱེད་དང་སྡོད་དམངས་ཀྱི་ཡོང་སྒོ་འཕར་བ། དངོས་གོང་གཏན་འཇགས་ཡིན་པ། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་འགྲོ་བ་བཅས་མངོན་འགྱུར་བྱེད་རྒྱུ་ནི་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་གནས་སུ་སྲུང་འཛིན་བྱེད་པའི་གཞི་རྩའི་ལས་འགན་གལ་ཆེན་ཡིན་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཁྲོམ་རའི་གཙོ་གཞིའི་གསོན་ཤུགས་སྔར་ལས་ཆེ་རུ་བསྐྱེད་དགོས། ང་ཚོས་སྲིད་ཇུས་ཀྱིས་ཤུགས་སྣོན་ས་དེ་ཁྲོམ་རའི་གཙོ་གཞིའི་སྟེང་འཇོག་དགོས་པ་དང་། དེ་དག་གི་སྐྱེ་སྟོབས་སླར་གསོ་བྱེད་པར་ཡར་སྐུལ་བྱེད་དགོས་པར་མ་ཟད། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ནས། ཁྲོམ་རའི་གཙོ་གཞིའི་གསོན་ཤུགས་དང་ནང་གནས་སྒུལ་ཤུགས་ཇེ་ཆེར་གཏོང་དགོས། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་བསྟུད་མར་སྤེལ་ནས། ཁེ་ལས་དང་འབྲེལ་བའི་ཞིབ་མཆན་འགྲོ་ལུགས་སྔར་ལས་སྟབས་བདེར་གཏོང་བ་དང་། བདེན་དཔང་དང་ལྟ་སྐུལ་དོ་དམ་འཐུས་ཚང་དུ་བཏང་ནས། རྒྱུན་ལྡན་རང་བཞིན་གྱི་སྲིད་དོན་ཞབས་ཞུ་ལེགས་སྒྱུར་བྱེད་དགོས། ཁྲོམ་རའི་གཙོ་གཞི་གསར་པ་སྔར་ལས་མང་པོ་སྐྱེད་སྲིང་བྱས་ཏེ། མི་དམངས་མང་ཚོགས་ཀྱི་གསར་གཏོད་ནུས་པ་ཆེ་རུ་བསྐྱེད་དགོས། ས་ཁུལ་སོ་སོས་ཡུལ་བབ་དང་བསྟུན་ནས་ཐབས་བརྒྱ་ཇུས་སྟོང་གིས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས་ཏེ། ཁྲོམ་རའི་གཙོ་གཞི་དང་མི་དམངས་མང་ཚོགས་ལ་དེའི་ཐད་ཀྱི་ཚོར་སྣང་སྔར་ལས་ཆེན་པོ་སྟེར་དགོས་ཟེར།

ཞའོ་ཅེ་བཞུགས་མོལ་ཚོགས་འདུར་ཞུགས།


རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།