ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆད་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་ཉེར་གསུམ་ཉིན་ཀྲུང་གོ་ནོར་སྲིད་ཚན་རིག་ཞིབ་འཇུག་ཁང་དུ་ནོར་ཁྲལ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་བསྟར་ནན་མོ་བྱས་པ་དང་། མིག་སྔའི་ནོར་ཁྲལ་འཁོར་སྐྱོད་གནས་ཚུལ་ལ་དབྱེ་ཞིབ་བྱས་པར་མ་ཟད། ཆེད་མཁས་པ་དང་ནོར་སྲིད་དཔྱ་ཁྲལ་སྡེ་ཁག་གི་ནོར་ཁྲལ་སྒྲིག་གཞི་བཅོས་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར་གྲོས་གཞིར་ཉན་པ་དང་། གོ་རིམ་རྗེས་མའི་ནོར་ཁྲལ་གྱི་བྱ་བ་གཙོ་བོར་ཞིབ་འཇུག་བཀོད་སྒྲིག་བྱས།
ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ནོར་ཁྲལ་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་དགོས་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ནན་མོ་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ་བཅས་བྱས་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་བཟང་བོ་རྩོམ་པ་དང་གོམ་པ་བརྟན་པོ་སྤོ་བར་འགན་སྲུང་བྱེད་དགོས་ཟེར།
ཧན་ཀྲིན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ནོར་སྲིད་སྲིད་ཇུས་ལག་བསྟར་བཟང་བོ་བྱེད་པ། ནུས་ཡོད་དང་གོ་རིམ་ལྡན་པའི་སྒོ་ནས་ནོར་ཁྲལ་བྱ་བ་སོ་སོ་བཟང་བོར་བསྒྲུབ་དགོས། བྱ་བའི་ནང་རྐྱེན་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་གཞི་རྩའི་དམངས་ཚིས་དང་གླ་ཕོགས། འཁོར་སྐྱོད་བཅས་ལ་གནད་དོན་མི་འབྱུང་བར་འགན་སྲུང་བྱེད་དགོས། ཚན་རྩལ་དང་ལྷག་པར་དུ་རྨང་གཞིའི་ཞིབ་འཇུག་ཐད་ཀྱི་དངུལ་གཏོང་ཤུགས་ཚད་ཆེ་རུ་གཏོང་བ་དང་། ཚན་རིག་ཞིབ་འཇུག་མ་དངུལ་གྱི་བཀོལ་སྤྱོད་ཕན་ནུས་མཐོར་འདེགས་གཏོང་བ། ཐོན་ལས་དང་སློབ་གསོ། ཚན་རིག་བཅས་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་དགོས། དེང་རབས་ཁྲལ་བསྡུའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁྲལ་བསྡུ་དོ་དམ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱེད་དགོས། གཞི་རྩའི་རྒན་གསོ་ཉེན་སྲུང་གི་རྒྱལ་ཡོངས་གཅིག་གྱུར་འཆར་འགོད་ལ་གོ་རིམ་ཡོད་པ་དང་ནུས་ལྡན་སྒོས་སྐུལ་འདེད་གཏོང་དགོས་པ་དང་། རིམ་བཞིན་ཁྲིམས་གཏན་ལས་འཁྱུར་ངལ་གསོའི་ལོ་ཚད་ཇེ་རིང་དུ་གཏོང་དགོས། གསུམ་འདོར་གཅིག་གཅོག་གཅིག་གསབ་ཀྱི་ལས་འགན་གཙོ་བོ་རྒྱུན་མཐུད་ལེགས་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པ་དང་། ལས་རིགས་གཙོ་བོའི་ཐོན་ནུས་སེལ་བའི་བྱ་བ་ལེགས་པོར་བསྒྲུབ་པར་སྐུལ་འདེད་གཏོང་དགོས། སྲིད་གཞུང་གི་བུ་ལོན་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་སེལ་བའི་བྱ་བ་དམ་འཛིན་ནན་མོ་བྱེད་དགོས་ཟེར།
ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། དུས་བསྟུན་འཕེལ་རྒྱས་དང་རིང་ཐུང་མཉམ་བསྲེས་རྒྱུན་འཁྱོངས་ཀྱིས་ཆེ་མཐོང་སྲིད་ཇུས་དང་ལྷག་པར་དུ་ནོར་སྲིད་སྲིད་ཇུས་ཞིབ་འཇུག་ལ་ཤུགས་སྣོན་དགོས། མིག་སྔའི་གཙོ་གནད་ནི་ཐཱན་སྙོམས་སྦྱོར་དང་ཐཱན་ཉུང་གཏོང་། དེ་མིན་ས་ཁང་བདག་ཁོངས་ཁྲོམ་རའི་ཚོད་འཛིན་དང་སྟེགས་བུའི་དཔལ་འབྱོར་ཚད་ལྡན་བདེ་ཐང་འཕེལ་རྒྱས་སོགས་ལ་དམིགས་ནས་ཞིབ་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་ཡིན། ནོར་རྩིས་ལྟ་སྐུལ་ལ་ཤུགས་སྣོན་པ་དང་ནོར་སྲིད་ཁྲིམས་སྐྱོང་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ། རྩིས་བཤེར་གོ་རིམ་ལེགས་སྒྲིག་བྱེད་པ་བཅས་བྱས་ནས་ནོར་སྲིད་རྫུན་བཟོ་བྱ་བར་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས། ཏང་གི་སློབ་སྦྱོང་སློབ་གསོ་གཟབ་ནན་གྱིས་སྤེལ་ནས་ནོར་ཁྲལ་ལས་བྱེད་དཔུང་སྡེའི་འཛུགས་སྐྲུན་དམ་འཛིན་བྱེད་དགོས་ཟེར། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཧན་ཀྲིན་གྱིས་མགོ་འཛིན་བྱས་ཏེ་ནོར་ཁྲལ་བྱ་བའི་བཞུགས་མོལ་ཚོགས་བསྡུ་བསྡུས།