ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཁུ་ཝེ་ཐེའི་རྒྱལ་བོ་ན་ཝ་ཧྥུའུ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་དང་ཁུ་ཝེ་ཐེའི་རྒྱལ་བོ་ན་ཝ་ཧྥུའུ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ལི་ཁེ་ཆང་དང་ཁུ་ཝེ་ཐེའི་དབུ་གཞུགས་བློན་ཆེན་སཱ་པཱ་ཧོ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁུ་ཝེ་ཐེའི་རྒྱལ་པོ་ན་ཝ་ཧྥུའུ་གཉིས་ཀྱི་ཕན་ཚུལ་ལ་གློག་འཕྲིན་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ50འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་ཁུ་ཝེ་ཐེའི་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཙམ་སོང་བའི་ཚུན་ལ། རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ཟབ་ཅིང་བརྟན་པོ་ཡིན། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་ཀྱི་བར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཤིང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཉིན་བཞིན་ཇེ་ཟབ་ཏུ་ཕྱིན། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྟོགས་པ་དང་། ཕན་ཚུན་རྒྱབ་སྐྱོར། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་གཞོགས་འདེགས་དམ་ཟབ་བཅས་བྱས་ཡོད།  པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཕྱོགས་གཉིས་པོས་ཕྱར་བ་གྲུ་འདེགས་ཀྱིས་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱས་པ་དེ་ཐོག་ནས། ཀྲུང་གོ་དང་ཁུ་ཝེ་ཐེའི་འབྲེལ་བའི་ཆུ་ཚད་མཐོ་བ་མཚོན་ཡོད། ངས་ཀྲུང་གོ་དང་ཁུ་ཝེ་ཐེའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། རྒྱལ་བོ་ན་ཝ་ཧྥུའུ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ50འཁོར་བ་གོ་སྐབས་སུ་བྱས་ནས། སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་བཏང་སྟེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་ནང་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་བསྟན།

ན་ཝ་ཧྥུའུ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར།  ཁུ་ཝེ་ཐེའི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྲ་བརྟན་དུ་ཕྱིན་པ་མ་ཟད། རྒྱུན་ཆད་མེད་པར་འཕེལ་རྒྱས་དང་གཏིང་ཟབ་ཏུ་ཕྱིན་ཡོད། ཕྱོགས་གཉིས་ཀྱིས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་སྒྲོམ་གཞིའི་ནང་རྣམ་གྲངས་གལ་ཆེན་མང་པོ་ལ་མཉམ་ལས་བྱས་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ལའང་འབྲེལ་གཏུག་མཐུན་སྦྱོར་རྒྱུན་འཁྱོངས་བྱས་ནས་ཐུན་མོང་གིས་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱས་ཡོད། པྲོག་གསར་གློ་ཚད་རིམས་ནད་ལ་དམིགས་ཏེ། རྒྱལ་ཁབ་གཉིས་ཀྱིས་ཧུར་ཐག་གིས་མཐུན་སྦྱོར་དང་མཉམ་ལས་དམ་ཟབ་བྱས་ཡོད། ངས་ཕྱོགས་གཉིས་ཀྱི་འབྲེལ་བར་སྔར་ལས་ཤུགས་སྣོན་བརྒྱབ་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་རྒྱ་ཆེར་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས།

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཁུ་ཝེ་ཐེའི་དབུ་བཞུགས་བློན་ཆེན་སཱ་པཱ་ཧོ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ་རེད། ལི་ཁེ་ཆང་གིས་རྟེན་འབྲེལ་གློག་འཕྲིན་ནང་བཤད་རྒྱུར། ཀྲུང་གོ་དང་ཁུ་ཝེ་ཐེའི་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་ངོ50སོང་རིང་། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་བྱུང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་རེ་བཞིན་ཇེ་བརྟན་དུ་ཕྱིན་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ནུས་རྒྱུ་དང་རྨང་གཞིའི་སྒྲིག་བཀོད། དངུལ་རྩ། སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ཕན་ཚུན་ཤེས་རྟོགས་དང་མཛའ་བརྩེ་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་བཅས་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་ཝེ་ཐེ་ཕྱོགས་དང་མཉམ་དུ་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

སཱ་པཱ་ཧོས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར། ཁུ་ཝེ་ཐེ་དང་ཀྲུང་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་འབྲེལ་བ་བརྟན་པོ་དང་། དམ་ཟབ། མཉམ་ལས་བཅས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཁུ་ཝེ་ཐེ་ཕྱོགས་ཀྱིས་ཁུ་ཝེ་ཐེ་དང་ཀྲུང་གོའི་བར་གྱི་མཛའ་བརྩེ་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པས། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ནས་ཕྱོགས་གཉིས་ཀྱི་འཐབ་ཇུས་འབྲེལ་བའི་ཆུ་ཚད་མཐོ་རུ་བཏང་སྟེ། མཛའ་གྲོགས་ཀྱི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རེ་སྒུག་མངོན་འགྱུར་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།