ཀྲུང་གོ་བོད་ཀྱི་དྲ་བ།

2020ལོར་རང་རྒྱལ་གྱིས་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི8391གསར་སྐྲུན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཞིང་ལས་ཞིང་སྡེ་པུའུ་ནས་རྒྱུས་ལོན་པ་ལྟར་ན། རང་རྒྱལ་གྱི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱ་བར་གོང་འཕེལ་ཆེན་པོ་བྱུང་ནས། 2020ལོར་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི8391འཛུགས་སྐྲུན་དང་ནུས་པ་ཆེ་ཞིང་ཆུ་གྲོན་ཆུང་བྱེད་པའི་ཞིང་ཆུ་འདྲེན་ཁུལ་མུའུ་ཁྲི2395འཛུགས་སྐྲུན་བྱས་ཏེ། ཚད་ལས་བརྒལ་ཏེ་ལོ་འཁོར་དམིགས་འབེན་མངོན་འགྱུར་བྱས་ལ། སྔར་ལས་ལྷག་པར་རང་རྒྱལ་གྱི་འབྲུ་རིགས་འགན་སྲུང་ནུས་ཤུགས་མཐོར་འདེགས་བཏང་།

ཕྱོགས་སོ་སོའི་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ཟླ10ལྷག་གི་དུས་ཡུན་ནང་བསྡོམས་པས་ཚད་གཞི་མཐོ་བའི་ས་ཞིང་ཁྲི9ལྷག་གི་འཛུགས་སྐྲུན་ལས་གཞིའི་གྲངས་ཚད་དང་སྤུས་ཚད། བར་སྣང་གི་ཆགས་ཡུལ། བདེ་སྤྱོད་གནས་ཚུལ་བཅས་ལ་ཞིབ་དཔྱད་བྱས་ཏེ། ཁྲི1000ལྷག་གི་ས་ཞིང་གཞི་གྲངས་འཐུས་ཚང་དུ་བཏང་ནས། 2011ལོ་ནས2018ལོར་འཛུགས་སྐྲུན་བྱས་ཟིན་པའི་ཚད་གཞི་མཐོ་བའི་ས་ཞིང་གི་གནས་ཚུལ་གཏིང་ལོན་བྱས།

 ད་ལོར་རང་རྒྱལ་གྱིས་ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར1དང་ནུས་ན་ཆེ་ཞིང་ཆུ་གྲོན་ཆུང་བྱེད་པའི་ཞིང་ཆུ་འདྲེན་ཁུལ་མུའུ་ཁྲི1500ཡི་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱ་རྒྱུ་ཡིན་ཞིང་། ཕྱོགས་གཅིག་ནས་བཟོ་སྐྲུན་གྱི་རྩ་འཛུགས་ལག་བསྟར་ལ་ཤུགས་བསྣན་ཏེ། ཞིང་ལས་དལ་དུས་ཀྱི་གནད་འགག་དུས་མཚམས་དམ་འཛིན་བྱས་ནས་བཟོ་སྐྲུན་གྱི་འཛུགས་སྐྲུན་འཕེལ་རིམ་ཇེ་མགྱོགས་སུ་གཏོང་རྒྱུ་དང་། ཕྱོགས་གཅིག་ནས་སྣ་མང་ཅན་གྱི་དངུལ་གསོག་ལམ་ལུགས་ལ་སྐུལ་འདེད་བཏང་སྟེ། སྔོན་ལ་འཛུགས་སྐྲུན་དང་རྗེས་སུ་ཁ་གསབ། གསབ་ཚད་དངུལ་སྤྲོད། སྲིད་གཞུང་དང་སྤྱི་ཚོགས་མ་རྩ་མཉམ་ལས་བྱེད་པའི་རྒྱུ་མང་དངུལ་གཏོང་རྣམ་པར་འཚོལ་ཞིབ་བྱས། དེ་དང་ཆབས་ཅིག གསར་སྐྲུན་ལས་གཞིའི་འཛུགས་སྐྲུན་གོ་རིམ་ཡོངས་ལ་སྤུས་ཚད་དོ་དམ་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་ཏེ། བཟོ་སྐྲུན་ལེགས་འགྲུབ་བྱུང་རྗེས་ཀྱི་བདག་སྐྱོང་ལ་ཤུགས་བསྣན་ནས། ས་ཞིང་མུའུ་གཅིག་འཛུགས་སྐྲུན་བྱས་ན་མུའུ་གཅིག་པོ་དེ་དོ་དམ་ཡག་པོ་བྱེད་པར་ཁག་ཐེག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།