ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོའི་འབྲེལ་ཡོད་དཔོན་རིགས་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པའི་ཐད་ནས་གཏམ་བཤད་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས18ཉིན། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱི་ཚོགས་ཆེན་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམ་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་བས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བཅུ་བཞི་དང་བཅས་པའི་ཀྲུང་གོའི་འབྲེལ་ཡོད་དཔོན་རིགས་ལ་གསར་དུ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པར་དམིགས་ནས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁ་ཕྱོགས་ཀྱིས་ཞང་ཀང་གི་ལས་དོན་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཚད་བརྒལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་མི་ལེགས་པ་དེར་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་མཐའ་གཅིག་ཏུ་ངོ་རྒོལ་དང་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ཟེར། 

མགྲིན་ཚབ་པས་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་གཏན་འབེབས་ཀྱི་རྨང་གཞི་གྲུབ་ཡོད། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འདེམ་བསྐོའི་ལམ་ལུགས་ནི་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཆབ་སྲིད་སྒྲིག་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཞང་ཀང་དུ་འདེམ་བསྐོའི་ལམ་ལུགས་ཅི་འདྲ་ཞིག་ལག་བསྟར་བྱེད་པ་ནི་ཀྲུང་དབྱང་གི་དབང་ཆ་ཡིན། ཉེ་བའི་ལོ་འགའི་རིང་དང་ཁྱད་པར་དུ་ཉིས་སྟོང་བཅུ་དགུ་ལོའི་སྒྲིག་ཁྲིམས་བཟོ་བཅོས་ཀྱི་ཉམས་ཉེན་བྱུང་བའི་ཚུན་ལ། ཞང་ཀང་གི་ཁྲིམས་སྐྱོང་དང་སྤྱི་ཚོགས་སྒྲིག་ལམ་ལ་གནོད་པ་ཚབས་ཆེན་ཐེབས་ཡོད་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འཐབ་ཇུས་ལ་འགྲན་རྩོད་ཚབས་ཆེན་ཐེབས། རྒྱལ་ཡོངས་དམངས་ཆེན་ནི་ཆེས་མཐོའི་རྒྱལ་ཁབ་དབང་ཤུགས་ལས་ཁུངས་ཡིན་པའི་ཆ་ནས། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལས་བསྩལ་བའི་འགན་དབང་ལག་བསྟར་བྱས་ཏེ། རྩ་ཁྲིམས་གཏན་འབེབས་ཀྱི་རིམ་པ་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམ་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བར་ཆོད་དོན་སྤེལ་བ་ནི་རྒྱལ་ཡོངས་དམངས་ཆེན་གྱི་དོགས་གཞི་མེད་པའི་དབང་ཤུགས་ཡིན་པ་དང་། རྒྱལ་ཡོངས་དམངས་ཆེན་གྱིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པ་ཡང་ཡིན་ཟེར། 

མགྲིན་ཚབ་པས་བསྟན་དོན། ཐེངས་འདིའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམ་བསྐོའི་ལམ་ལུགས་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བའི་དམིགས་ཡུལ་ནི་ལམ་ལུགས་རྐྱེན་སྲོལ་ཐད་གནས་པའི་ཉེན་ཁ་སེལ་བ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ལག་བསྟར་ཡང་དག་བྱས་ཏེ། ཕྱོགས་ཡོངས་ནས་རྒྱལ་གཅེས་མཁན་གྱིས་ཞང་ཀང་སྐྱོང་བའི་རྩ་དོན་དངོས་འབེབས་བྱེད་པར་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་ཆེད་ཡིན་ཟེར། 

མགྲིན་ཚབ་པས་ནན་གྱིས་བསྟན་དོན། ཞང་ཀང་ནི་ཀྲུང་གོའི་ཞང་ཀང་ཡིན་པ་དང་། ཞང་ཀང་གི་ལས་དོན་དེ་ཀྲུང་གོའི་ནང་སྲིད་བསྙོན་མེད་ཡིན་པས། ཕྱིའི་རྒྱལ་ཁབ་གང་ཡིན་ཡང་དེར་ཐེ་གཏོགས་བྱེད་པའི་དབང་ཆ་མེད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་སྔར་བཞིན་དུ་བཅའ་ཁྲིམས་ཀྱི་འགན་འཁྲི་ལག་བསྟར་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་ཞང་ཀང་རྩ་ཁྲིམས་གཏན་འབེབས་སྒྲིག་ལམ་ལ་སྲུང་སྐྱོབ་བྱས་ཏེ། ཞང་ཀང་རང་བཙན་སྟོབས་ཤུགས་ལ་ཆམ་ཕབ་གཏོང་བ་དང་། རྒྱལ་གཅེས་མཁན་གྱིས་ཞང་ཀང་སྐྱོང་བར་འགན་སྲུང་བྱེད་པ། ཞང་ཀང་གི་དུས་ཡུན་རིང་བོའི་དར་རྒྱས་དང་གཏན་འཇགས་སྲུང་འཛིན་བྱེད་པའི་ཐད་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།