ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་སྔོན་མ་གཉིས་ཀྱི་ནང་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་སྒོ་དུས་མཉམ་ལས18.7%འཕར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུའུ་ཡིས་ཟླ1པོ་ནས་ཟླ2པའི་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་སྒོའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ལྟར་ན། དཔལ་འབྱོར་རྒྱུན་མཐུད་བརྟན་བརླིང་ངང་སླར་གསོ་བྱུང་བ་དང་། ན་ནིང་གི་དུས་མཉམ་གྱི་ཡོང་སྒོའི་གཞི་གྲངས་ཅུང་དམའ་བའི་རྐྱེན་གྱིས། ད་ལོའི་ཟླ་སྔོན་མ་གཉིས་ཀྱི་ནང་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་སྒོ་སྒོར་དུང་ཕྱུར41805ལ་སླེབས་པ་དང་དུས་མཉམ་ལས18.7%འཕར་ཡོད། དེའི་ཁྲོད་ཀྲུང་དབྱང་གི་སྤྱིར་བཏང་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར20458ལ་སླེབས་པ་ད་དུས་མཉམ་ལས18.7%འཕར། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་རིམ་པ་དེའི་ཡོང་སྒོ་སྒོར་དུང་ཕྱུར21347ལ་སླེབས་ཏེ་དུས་མཉམ་ལས18.7%འཕར།

ན་ནིང་དུས་མཉམ་གྱི་ལས་གཞི་འགྲོ་གྲོན་སྐོར་ཞིག་གི་འཕེལ་རྒྱས་ཇེ་དལ་དུ་སོང་བ་དང་། གཞི་གྲངས་ཅུང་དམའ་བའི་རྒྱུ་རྐྱེན་གྱིས་ཤུགས་རྐྱེན་ཐེབས་པའི་འོག ད་ལོའི་ཟླ1པོ་ནས་ཟླ2པའི་བར་རྒྱལ་ཡོངས་ཀྱི་ནོར་སྲིད་འགྲོ་གྲོན་སྒོར་དུང་ཕྱུར35733ལ་སླེབས་པ་དང་དུས་མཉམ་ལས10.5%འཕར། ཚན་ཁག་དབྱེ་ནས་བལྟས་ན། གཙོ་གནད་འགྲོ་གྲོན་མང་པོ་ཞིག་གི་འཕར་ཚད་ཅུང་མགྱོགས་ལ། དེའི་ཁྲོད་སློབ་གསོ་དང་སྤྱི་ཚོགས་འགན་སྲུང་། ལས་ཞུགས། འཕྲོད་བསྟེན་བདེ་ཐང་སོགས་ཀྱི་འགྲོ་གྲོན་དུས་མཉམ་ལས་སོ་སོར16.2%དང10.5% 13.2%བཅས་འཕར་ཡོད།

ད་ལོའི་ཟླ1པོ་ནས་ཟླ2པའི་བར། རྒྱལ་ཡོངས་ཀྱི་ཁྲལ་སྡུད་ཡོང་སྒོ་སྒོར་དུང་ཕྱུར37064ལ་སླེབས་པ་དང་དུས་མཉམ་ལས18.9%འཕར། དེའི་ཁྲོད་རྒྱལ་ནང་གི་འཕར་བའི་དཔྱ་ཁྲལ19.9%འཕར། དེའི་ཁྲོད་བཟོ་ལས་དང་ཞབས་ཞུ་ལས་རིགས་ཀྱི་འཕར་བའི་རིན་ཐང་འཕར་སྣོན་བྱུང་ཡོད། ཁེ་ལས་ཀྱི་ཐོབ་ཁྲལ་དུས་མཉམ་ལས13.2%འཕར་ཏེ། གཙོ་བོ་ཁེ་ལས་ཀྱི་ཁེ་སྤོགས་བརྟན་རླིང་ངང་འཕར་བ་རེད། མི་སྒེར་གྱི་ཐོབ་ཁྲལ་དུས་མཉམ་ལས3.1%འཕར་ཡོད།

ད་ལོར་ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར་ཁྲི3.65བཀོད་སྒྲིག་བྱས་ཡོད་ཅིང་། ཟླ1པོ་ནས་ཟླ2པའི་བར། རྒྱལ་ཡོངས་སུ་བསྡོམས་པས་ས་གནས་སྲིད་གཞུང་གི་བུན་འཛིན་སྒོར་དུང་ཕྱུར4184འགྲེལ་སྤེལ་བྱས་ཤིང་། ཡོངས་རྫོགས་ནི་དངུལ་སྡུད་བསྐྱར་མའི་བུན་འཛིན་ཡིན། ཟླ3པའི་ཟླ་སྟོད་དུ། ནོར་སྲིད་པུའུ་ཡིས་གོ་རིམ་ལྟར་སྔ་མོ་ནས་ས་གནས་སོ་སོའི་གསར་སྣོན་ཆེད་སྤྱོད་བུན་འཛིན་གྲངས་བཅད་སྒོར་དུང་ཕྱུར17700རྩིས་སྤྲོད་བྱས་ཏེ། ས་གནས་ཀྱི་མགྱོགས་མྱུར་ངང་ཆེད་སྤྱོད་བུན་འཛིན་གྱི་གྲངས་བཅད་དེ་བྱེ་བྲག་གི་ལས་གཞི་དང་བསྟུན་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།