ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཧཱ་སག་སི་ཐན་གྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་བཅུ་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་ཀྱི་རྣམ་པས་ཧཱ་སག་སི་ཐན་གྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་ནེ་ཀི་མཱ་ཐུའུ་ལིན་དང་གྲོས་མོལ་མཛད། 

ལིས་ཀྲན་ཧྲུའུ་ཡིས་གསུང་དོན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཐད་ཀར་སྐུལ་འདེད་བཏང་འོག ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་སོང་། ན་ནིང་གི་ཟླ་གསུམ་པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་རྣམ་གཉིས་ཀྱིས་ཁ་པར་གྲོས་མོལ་མཛད་དེ། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཁ་ཕྱོགས་གསལ་བོར་བསྟན། ཀྲུང་གོའི་ཕྱོགས་ཀྱིས་ཧཱ་སག་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབ་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་དུས་ཡུན་རིང་བོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ། མཉམ་དུ་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས། 

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་རོགས་རམ་སྒོས་རིམས་འགོག་མཉམ་ལས་སྤེལ་ཏེ། གསོན་ཉམས་ལྡན་པའི་སྒོ་ནས་ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་དུས་ཡུན་རིང་བོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་སྙིང་དོན་གཙོ་བོར་རྒྱས་འགྲེལ་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རིམས་འགོག་མཉམ་ལས་ཐད་དཔེ་སྟོན་གྱི་ནུས་པ་བཏོན། ཀྲུང་གོའི་ཕྱོགས་ཀྱིས་ཧཱ་སག་སི་ཐན་ཕྱོགས་བར་གྱི་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་དང་འོད་གསལ་ལམ་གྱི་དཔལ་འབྱོར་སྲིད་ཇུས་གསར་བའི་སྦྲེལ་མཐུད་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱི་ཁེ་ཕན་ཐོབ་ཏུ་འཇུག་འདོད་ཡོད། མུ་མཐུད་དུ་རྒྱལ་སྤྱིའི་རོགས་ལས་ལ་ཤུགས་སྣོན་བྱེད་པ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོར་འབྲེལ་བའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་རྒྱབ་སྐྱོར་གང་ལེགས་བྱས་ནས། མཉམ་དུ་དྲང་བདེན་གྱི་འབོད་སྐུལ་གཏོང་དགོས་ཞེས་གསུངས། 

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཧཱ་སག་སི་ཐན་གྱི་གྲོས་ཁང་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ་དང་། རིམ་པ་སོ་སོའི་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་བོའི་གྲོས་ཁང་རྩ་འཛུགས་ཁྲོད་ཀྱི་མཐུན་སྦྱོར་རོགས་འདེགས་ལ་ཤུགས་སྣོན་འདོད་ཡོད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་དགོས་མཁོ་དང་བསྟུན་ནས་དུས་ལྟར་ད་ཡོད་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལྟར་གྲོས་མཐུན་སྣ་ཚོགས་ཀྱི་དངོས་འབེབ་ལ་ལྟ་རྟོག་བྱས་ནས་མཉམ་ལས་ལས་གཞི་ཆེན་མོ་དག་བདེ་བླག་ངང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། ན་གཞོན་དང་བཅས་པའི་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཡར་སྐུལ་བྱེད་པ་དང་། དུས་ཡུན་རིང་བོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གཏན་གནས་དེ་ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་ཡོངས་ཁྱབ་ཡུན་རིང་གི་ཐུན་མོང་ལྟ་ཚུལ་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས། 

ལིས་ཀྲན་ཧྲུའུ་ཡིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་གནས་ཚུལ་རགས་བསྡུས་ཀྱིས་མཚམས་སྦྱོར་བྱས། 

ནེ་ཀི་མཱ་ཐུའུ་ལིན་གྱིས་བཤད་རྒྱུར། ཧཱ་སག་སི་ཐན་དང་ཀྲུང་གོའི་དུས་ཡུན་རིང་བོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་འཚམ། ཕྱོགས་གཉིས་ཀྱིས་མཐུན་སྒྲིལ་མཉམ་ལས་བྱས་ཏེ་རིམས་ནད་འགོག་རྒོལ་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་ཇེ་ཟབ་ཏུ་གཏོང་དགོས། ཧཱ་སག་སི་ཐན་གྱི་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་པར་འབད་འབུངས་བྱེད་བཞིན་ཡོད། ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་བརྒྱ་འགོར་བར་རྟེན་འབྲེལ་ཞུ་བ་དང་། ཀྲུང་གོ་སྔར་ལས་འཕེལ་རྒྱས་དང་དར་རྒྱས་སུ་འགྲོ་བའི་སྨོན་འདུན་ཞུས་པ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།