ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས་ཤིང་ཙུང་ལི་ལི་ཁེ་ཆང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་མཛད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ནན་ཧེ་ནས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་མཛད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་ཁོངས་གཏོགས་ཀྱི་སྡེ་ཁག་ཏུ་བསྐོ་བཞག་བྱས་པའི་རྒྱལ་ཁབ་ལས་བྱེད་མི་སྣས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་རྩ་འཛུགས་བྱེད་ཐབས》ལ་གཞིགས་ཏེ། 2020ལོའི་ཟླ9བ་ནས2021ལོའི་ཟླ3པའི་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་དང་ལས་ཁུངས29ནང་བསྐོ་བཞག་བྱས་པའི་འགན་འཁུར་མི་སྣ36གིས་ཁྲིམས་ལྟར་རྩ་ཁྲིམས་ལ་དམ་བཅའ་བཞག་པ་རེད།

སྔ་དྲོའི་ཆུ་ཚོད11སྟེང་། རྒྱལ་སྲིད་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་ཞའོ་ཅེ་ཡིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཚང་མ་ཡར་ལངས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་ཤིང་། དེའི་རྗེས་སུ་དམ་བཅའི་སྣེ་ཁྲིད་པས་ལག་ཏུ་རྩ་ཁྲིམས་བཟུང་སྟེ་དམ་ཚིག་གྱེར་བ་དང་། དམ་བཅའ་འཇོག་མཁན་གཞན་རྣམས་ཀྱིས་ཀྱང་རུ་ཕྲེང་བསྒྲིགས་ཏེ་དམ་ཚིག་གྱེར།

དམ་བཅའ་བཞག་རྗེས། ལི་ཁེ་ཆང་གིས་ཚང་མས་དམ་ཚིག་ལ་འགན་འཁུར་ཏེ་ལག་ལེན་ཏུ་བསྟར་དགོས་པའི་རེ་བ་བཏོན། ཁོས་གསུང་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། རྩ་ཁྲིམས་ལྟར་ཆབ་སྲིད་སྐྱོང་བ་དང་ཁྲིམས་ལྟར་སྲིད་འཛིན་དགོས་ཏེ། གཅིག་ནི་ནན་ཏན་སྒོས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་། ཁྲིམས་བརྩི་དང་ཁྲིམས་སྦྱོང་། ཁྲིམས་བཀུར། ཁྲིམས་སྤྱོད་བཅས་རང་འགུལ་གྱི་བྱ་སྤྱོད་དུ་བསྒྱུར་ནས་མུ་མཐུད་དུ་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་ཀྱིས་བྱ་བའི་ནུས་ཤུགས་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱེད་པ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་དགོས། གཉིས་ནི་དམངས་ལ་བདེ་སྐྱིད་བསྐྲུན་པར་དམིགས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་གྱིས་ཚོང་རའི་གཙོ་གཞི་དང་དམངས་འཚོའི་མཁོ་གལ་ལ་གཞིགས་ཏེ་ལག་བསྟར་སྲིད་ཇུས་སྣ་ཚོགས་བཟོ་བ་དང་། ཚོང་རའི་གཙོ་གཞིར་དཀའ་སེལ་རོགས་འདེགས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དམངས་འཚོའི་ཉམས་ཞན་དང་དཀའ་ངལ་གནད་དོན་ཐག་གཅོད་དགོས། གསུམ་ནི་ཧུར་བརྩོན་གྱིས་དངོས་སྒྲུབ་འགན་འཁུར་ལ་གཞོལ་ནས་བཅོས་བསྒྱུར་སྒོ་འབྱེད་ཀྱི་བསམ་བློ་དང་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་ཏེ། དངོས་སྒྲུབ་སྙིང་སྟོབས་དང་སྤྱོད་ཚུལ་རྒྱུན་འཁྱོངས་ཀྱིས་ནུས་ཤུགས་ཡོད་རྒུས་དཀའ་སེལ་འགག་གཏོར་བྱས་ནས། མུ་མཐུད་དུ་མི་དམངས་ཡིད་ཚིམ་པའི་གྲུབ་འབྲས་གསར་བ་གསར་སྐྲུན་བྱེད་དགོས། བཞི་ནི་སྲིད་གཙང་གི་ཚད་མཐའ་སྲུང་ཏེ་སྒྲིག་བརྩི་རང་གཅུན་དང་སྤྱོད་དྲན་རང་བརྩི་བྱེད་པ་དང་། སྲི་ཚགས་དམངས་སྐྱོང་དང་ཚུལ་ལྡན་ལས་སྒྲུབ་བྱེད་དགོས། ཏང་དང་མི་དམངས་ཀྱི་མངག་བཅོལ་སྟོང་ཟད་དུ་མི་གཏོང་བར་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་བླང་བྱ་བཏོན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་དང་སུན་ཁྲིན་ལན། ཧུའུ་ཁྲུན་ཧྭ། རྒྱལ་སྲིད་ཨུ་ཡོན་ཝེ་ཧྥུན་ཧི། ཝང་ཡུང་། ཝང་དབྱི། ཀྲའོ་ཁི་ཀྲི་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་མཛད་སྒོར་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།