ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་དུས་བཅད་ལྟར་དབྱི་རག་གི་ཕྱི་འབྲེལ་པུའུ་ཀྲང་ཧུ་སེ་དབྱིན་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན། རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཝང་དབྱི་ཡིས་དུས་བཅད་ལྟར་དབྱི་རག་གི་ཕྱི་འབྲེལ་པུའུ་ཀྲང་ཧུ་སེ་དབྱིན་ལ་ཁ་པར་བཏང་།

ཝང་དབྱི་ཡིས་བཤད་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཀྲུང་གོ་ཕྱོགས་ཀྱིས་དབྱི་རག་ལ་རིམས་འགོག་ཆེད་མཁས་པའི་ཚན་ཆུང་མངགས་པར་མ་ཟད་རིམས་འགོག་དངོས་རྫས་སྐོར་མང་པོ་འདོན་སྤྲོད་བྱས་ཤིང་། ཉིང་སྐྱུར་བརྟག་འཇལ་ཚོད་ལྟ་ཁང་འཛུགས་རོགས་བྱས་པ་དང་། ཉེ་བའི་དུས་སྐབས་ཤིག་ལ་ཡང་འགོག་སྨན་ཕྱོགས་ནས་བྲེལ་མྱུར་རོགས་སྐྱོར་བྱས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་རྒྱབ་སྐྱོར་བྱས་ཏེ། དབྱི་རག་མང་ཚོགས་སྔ་མོ་ནས་དཀའ་ཁག་ལས་ཐར་བ་དང་རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པར་རོགས་རམ་བྱེད་འདོད་ཡོད།

ཝང་དབྱི་ཡིས་དབྱི་རག་ཕྱོགས་ཀྱིས་ཞིན་ཅང་དང་ཞང་ཀང་ལ་འབྲེལ་བའི་ཀྲུང་གོ་ནང་ཁུལ་གྱི་ལས་དོན་ཐད་ནས་ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་དང་རྒྱུས་ལོན་བྱས་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཀྲུང་གོར་རྒྱབ་སྐྱོར་བྱས་པ་ནི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ནང་བཀོད་པའི་དམིགས་འབེན་དང་རྩ་དོན་ལ་རྒྱབ་སྐྱོར་བྱས་པ་ཡིན་ལ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་རྒྱབ་སྐྱོར་བྱས་པ་ཡིན་ཞེས་བསྟན། ང་ཚོས་དབྱི་རག་ཕྱོགས་དང་མཉམ་དུ་མཐུན་སྦྱོར་རོགས་ལས་ལ་ཤུགས་བསྣན་ནས། རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་ལས་དོན་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ཝང་དབྱི་ཡིས་བཤད་དོན། ཀྲུང་གོ་ཕྱོགས་ཀྱིས་དབྱི་རག་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་འདོད་ཡོད། དབྱི་རག་གི་བདེ་འཇགས་གནས་བབ་ཧ་ཅང་ཛ་དྲག་ཆེ་བའི་དུས་སྐབས་དང་ཡང་ན་ན་ནིང་རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོའི་ཁེ་ལས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་དབྱི་རག་གི་རྒྱལ་ཇུས་དམངས་ཚིས་དང་དཔལ་འབྱོར་འཁོར་སྐྱོད་ཐད་ལ་དགོས་ངེས་ཀྱི་འགན་སྲུང་འདོན་སྤྲོད་བྱས་པ་དང་། དེ་ལས་ཀྲུང་གོ་ཕྱོགས་ཀྱིས་དབྱི་རག་ལ་རྒྱབ་སྐྱོར་དང་ཀྲུང་གོ་དང་དབྱི་རག་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་མཚོན་ཡོད། རྗེས་ཕྱོགས་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་ཁེ་ལས་དབྱི་རག་གི་བསྐྱར་འཛུགས་ཁྲོད་དུ་ཞུགས་པར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་གློག་ཤུགས་དང་འགྲིམ་འགྲུལ། འཕྲིན་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཆུ་ཚད་མཐོར་འདེགས་སུ་གཏོང་ངེས་ཡིན་ཟེར།

ཧུ་སེ་དབྱིན་གྱིས་བཤད་དོན། ཀྲུང་གོ་ཕྱོགས་ཀྱིས་དབྱི་རག་གིས་རིམས་ནད་འགོག་པའི་གནད་འགག་དུས་སྐབས་སུ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས་པ་དང་། དེ་ལས་ཀྲུང་གོ་མི་དམངས་དང་དབྱི་རག་བར་དུ་མཛའ་བཤེས་ཟབ་མོ་ཆགས་ཡོད་པ་མཚོན་ཡོད། དབྱི་རག་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། རིམས་ནད་ཀྱི་གནོད་པ་སེལ་ཏེ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རྡོ་སྣུམ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།