ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མིན་གཞུང་སྒྲུབ་ཁང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་རྒྱལ་ཡོངས་དམངས་ཆེན་གྱི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འདེམ་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་ཆོད་དོན་སྐོར་གྱི་ནང་དོན་གཙོ་བོ་དང་དོན་སྙིང་གལ་ཆེན་མཚམས་སྦྱོར་ཞིབ་མོ་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མིན་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འདེམ་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་ཆོད་དོན་དེར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་འཕེལ་རིམ་ཁྲོད་དུ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན། དེ་ནི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་ཀྱི་མི་འདང་ས་དང་ཞན་ཆ་ཁ་གསབ་བྱེད་པའི་བྱེད་ཐབས་གཙོ་བོ་ཞིག་ཡིན་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་ལུགས་མ་ལག་འཐུས་ཚང་དུ་འགྲོ་བར་ཕན་པ་ཡོད་ལ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཆབ་སྲིད་བརྟན་འཇགས་དང་སྲིད་དབང་བདེ་འཇགས་སྲུང་སྐྱོབ་བྱེད་པའི་རྩ་བཅོས་ཇུས་གཞི་ཡིན་པ་དང་། ཞང་ཀང་གིས་ཡུན་སྐྱོང་བདེ་འགོད་མངོན་འགྱུར་བྱེད་པར་ཕན་པ་ཡོད། ཞང་ཀང་གི་གནས་ཚུལ་དངོས་ལ་རྐང་བཙུགས་ཏེ་གཏན་འཁེལ་བྱས་པའི་ལུགས་མཐུན་གྱི་གདམ་གསེས་ཡིན་པ་དང་ཞང་ཀང་གི་དམངས་གཙོ་ལམ་ལུགས་གོ་རིམ་ལྡན་པར་ལག་བསྟར་བྱེད་པ་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་ཕན་པ་ཡོད། སྲིད་གཞུང་གི་བཅོས་སྐྱོང་ཕན་ནུས་མཐོར་འདེགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཡིན་པ་དང་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་བྱེད་པར་ཕན་པ་ཡོད། རྒྱལ་གཅེས་མཁན་གྱིས་ཞང་ཀང་སྐྱོང་བའི་རྩ་དོན་དངོས་འབེབས་བྱེད་པའི་ལམ་ལུགས་འགན་སྲུང་ཡིན་པ་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་ཡུན་རིང་ལ་ལག་བསྟར་བྱེད་པར་ཕན་པ་ཡོད་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མིན་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། ཀྲུང་གོའི་ནང་ལོག་རྒྱུན་མཐུད་དང་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་བ་དེས་ཞང་ཀང་གི་དཔལ་འབྱོར་འཕེལ་རྒྱས་ཐད་ལ་སྒུལ་ཤུགས་ཆེན་པོ་བསྣན་པ་དང་དེ་ལྟ་བུའི་ཁྱད་སྟོབས་ནི་ས་གནས་གཞན་དག་ལ་ཡོད་མི་སྲིད་ལ། འདྲ་བཟོ་བྱེད་དཀའ་བ་ཞིག་རེད། རྒྱལ་ཁབ་ཀྱི་ཞང་ཀང་བདེ་འཇགས་བཅའ་ཁྲིམས་ལག་བསྟར་དང་འདེམ་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་དེ་གཉིས་འཕྲོ་རིམ་འཕྲོར་གཏན་འཁེལ་བྱས་རྗེས། ཞང་ཀང་གི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། ཚོང་གཉེར་ཁོར་ཡུག་སྔར་ལས་ལེགས་བཅོས་བྱེད་ཐུབ་པ་དང་། ཞང་ཀང་གི་དངུལ་རྩ་ལྟེ་གནས་ཀྱི་གོ་གནས་སྔར་ལས་བརྟན་འཇགས་ཡོང་སྲིད་ཟེར།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། ཀྲུང་དབྱང་གིས་རྒྱལ་ཡོངས་དམངས་ཆེན་གྱི་ཆོད་དོན་ལ་ཞིབ་འཇུག་དང་འཆར་ཟིན་འགོད་པའི་བརྒྱུད་རིམ་ཁྲོད་དུ་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞི་ལ་ཉན་པར་ཧ་ཅང་མཐོང་ཆེན་བྱས་པ་དང་། རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ཆོད་དོན་ལ་རྩ་ཁྲིམས་གཏན་འབེབས་ཀྱི་རྨང་གཞི་བརྟན་པོ་དང་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།