ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་གསུམ་པའི་ཚེས་གཅིག་ཉིན་གྱི་དགོང་མོ་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ནས་བཟུང་། པྲོག་དབྱིབས་གློ་ཚད་རིམས་ནད་འཛམ་གླིང་ཡོངས་སུ་མཆེད་དུ་ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བར། ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་མཉམ་དུ་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་རོགས་འདེགས་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་བྱ་བར་གྲུབ་འབྲས་ཆེན་པོ་བླངས་ཡོད་ཅིང་། ཁྱད་པར་དུ་རིམས་འགོག་མཉམ་ལས་ཕྱོགས་ནས་ཕན་འབྲས་ངེས་ཅན་བླངས། ཕྱོགས་གཉིས་ཀས་སོ་སོའི་ཁེ་ཕན་གཙོ་བོའི་གནད་དོན་སྟེང་ནས་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བའི་ཆུ་ཚད་མཐོན་པོ་ཅིག་ཅར་མངོན། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཐ་ཅི་ཁི་སི་ཐན་གྱི་རྒྱལ་ཁབ་བདག་དབང་དང་བདེ་འཇགས། བརྟན་འཇགས་བཅས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ལ། ཐ་ཅི་ཁི་སི་ཐན་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ཏེ། ཉིས་སྟོང་སུམ་ཅུ་ལོའི་སྔོན་དུ་ཐ་ཅི་ཁི་སི་ཐན་དང་ལྷན་དུ་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ཀྱི་གྲོས་གཞི་འདོན་རྒྱུ་དང་སྦྲེལ་མཐུད་བྱས་མཐར། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ལེགས་ལམ་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་ལོ་ཡིན། ཀྲུང་གོས་རྐང་འཛུགས་ས་མཐོན་པོའི་སྟེང་ནས་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་སྣ་སྒོ་མོ་སོ་སོའི་མཉམ་ལས་བྱ་བར་གོ་སྐབས་གསར་པ་བསྐྲུན་རྒྱུ་ཡིན། ཕྱོགས་གཉིས་ཀས་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ཞིང་ལས། མཉམ་འབྲེལ་མཉམ་འཕྲིན། གྲངས་རིག་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱ་བར་གཅིག་གྱུར་བཀོད་སྒྲིག་དང་སྐུལ་འདེད་བཏང་ནས། མཉམ་དུ་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་གཙོ་བོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁྲོམ་རའི་དགོས་མཁོ་དང་མཐུན་པའི་ཞིང་ལས་ཐོན་རྫས་སྤུས་དག་ནང་འདྲེན་བྱེད་འདོད་ཡོད་པ་དང་། ཐ་ཅི་ཁི་སི་ཐན་ལ་འགོག་སྨན་རོགས་སྐྱོར་བྱས་ཏེ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་རྒྱུ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་ཉི་ཤུ་ལོན་པའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཤུགས་ཆེན་པོས་ཐ་ཅི་ཁི་སི་ཐན་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་བྱ་བར་རྒྱབ་སྐྱོར་གང་ལེགས་བྱས་ཏེ། ཐ་ཅི་ཁི་སི་ཐན་ཕྱོགས་ཀྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་འགོ་རྩོམ་སྟངས་གསར་པའི་སྟེང་ནས་འཕེལ་རྒྱས་ཆེན་པོ་མངོན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

ལཱ་ཧི་མིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་མི་དམངས་ལ་ལོ་སར་གྱི་འཚམས་འདྲི་བྱས་ཏེ། ཀྲུང་གོ་མི་དམངས་ལ་དཔྱིད་ལུགས་ལོ་སར་གྱི་སྨོན་འདུན་ཞུས་ནས། ཀྲུང་གོས་ལོ་གསར་པའི་ནང་དུ་གྲུབ་འབྲས་གསར་པ་ལོན་པར་སྨོན་འདུན་ཞུས། ལཱ་ཧི་མིན་གྱིས་བཞེད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཡང་དག་པའི་འགོ་ཁྲིད་དང་ཀྲུང་གོ་མི་དམངས་ཀྱི་དཀའ་སྤྱད་འབད་འབུངས་འོག་ཏུ། ཀྲུང་གོས་དབུལ་ཕོངས་ཇེ་ཉུང་དུ་གཏོང་བའི་ཁྱབ་ཁོངས་ཁྲོད་གྲུབ་འབྲས་ཆེན་པོ་བླངས་པར། ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་ཡིན། ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རིམས་འགོག་བྱ་བར་བཞག་པའི་བྱས་རྗེས་ལ་བསྟོད་བསྔགས་ཆེན་པོ་བྱེད་ཀྱིན་ཡོད་ཅིང་། ཀྲུང་གོ་ཕྱོགས་ཀྱིས་ཐཱ་ཅི་ཁི་སི་ཐན་གྱི་རིམས་འགོག་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་རྒྱབ་སྐྱོར་གང་ལེགས་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན་ཞེས་བསྟན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།