ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མིན་ལ་ཁ་པར་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ3པའི་ཚེས1ཉིན་གྱི་དགོང་མོར་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མིན་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ནས་བཟུང་པྲོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་པ་དང་ལོ་བརྒྱའི་ནང་འཛམ་གླིང་ལ་བྱུང་མྱོང་མེད་པའི་འཕོ་འགྱུར་ཆེན་མོར་གདོང་གཏོད་ཆེད། ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་མཉམ་ལས་བྱས་མཐར་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ལ་ལྷག་པར་དུ་རིམས་འགོག་མཉམ་ལས་ཐད་འོད་དུ་འཚེར་བའི་གྲུབ་འབྲས་བླངས་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ལ་ཕན་ཚུན་རྒྱབ་སྐྱོར་བྱས་ཤིང་། དེའི་ཐོག་ནས་ཀྲུང་ཐ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་ཇེ་མཐོར་སོང་ཡོད་པ་མཚོན་ཡོད་ལ། ཐ་ཅི་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་དང་། ཐ་ཅི་ཁི་སི་ཐན་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་གྲོས་མགོ་བཏོན་ནས། ཐ་ཅི་ཁི་སི་ཐན་གྱི“2030ལོའི་སྔོན་གྱི་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས”དང་སྦྲེལ་མཐུད་བྱས་ཏེ།ཀྲུང་ཐའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ན་འདོད་ཡོད།

ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100ལོན་པའི་ལོ་ཡིན། ཀྲུང་གོས་སྔར་ལས་མཐོ་བའི་མགོ་འཛུགས་ས་ཞིག་ནས་སྒྱུར་བཅོས་སྒོ་འབྱེད་ལ་སྐུལ་འདེད་བཏང་སྟེ་ཀྲུང་ཐའི་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་གོ་སྐབས་གསར་པ་སྦྱིན་ཡོད། ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་དང་། མ་འཇོག ཞིང་ལས། ཕན་ཚུན་འབྲེལ་མཐུད། གྲངས་གཞིའི་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྤྱིའི་ཆ་ནས་སྐུལ་འདེད་བཏང་སྟེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གཙོ་གནད་རྣམ་གྲངས་འཛུགས་པར་སྔོན་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁྲོམ་རའི་དགོས་མཁོ་དང་མཐུན་པའི་ཐ་ཅི་ཁི་སི་ཐན་ཕྱོགས་ཀྱི་སྤུས་ལེགས་པའི་ཞིང་ལས་ཐོན་རྫས་མང་པོ་ནང་འདྲེན་བྱེད་འདོད་ཡོད་པ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཐ་ཅི་ཁི་སི་ཐན་ཕྱོགས་ལ་རིམས་འགོག་སྨན་ཁབ་ཀྱི་རོགས་སྐྱོར་བྱས་ནས་མིའི་རིགས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ཐུན་མོང་སྒྲིག་གཞི་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ད་ལོ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་འཁོར་20ལོན་པའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐ་ཅི་ཁི་སི་ཐན་ཕྱོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་ཐད་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་ཐ་ཅི་ཁི་སི་ཐན་ཕྱོགས་དང་མཉམ་དུ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འདི་ཉིད་འགོ་འཛུགས་ས་གསར་པའི་སྟེང་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

ལཱ་ཧི་མིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་མི་དམངས་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ལོ་གསར་པའི་ནང་ཀྲུང་གོ་རྒྱལ་ཁབ་ལ་སྔར་ལས་ལྷག་པའི་གྲུབ་འབྲས་གསར་པ་ཐོབ་པར་སྨོན་འདུན་ཞུས། ལཱ་ཧི་མིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཀྲུང་གོ་མི་དམངས་ཀྱི་དཀའ་སྤྱད་འབད་བརྩོན་འོག་དབུལ་པོ་ཉུང་གཏོང་ཐད་ཀྲུང་གོར་ལོ་རྒྱུས་དེབ་ཐེར་ནང་བཀོད་ཆོག་ཆོག་ཡིན་པའི་མཚར་སྡུག་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཡོད་པར་ཐ་ཅི་ཁི་སི་ཐན་ཕྱོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཐ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱལ་སྤྱིའི་སྤྱི་ཚོགས་ལ་བྱས་རྗེས་གལ་ཆེན་ཕུལ་བར་ཚད་མཐོའི་བསྔགས་བརྗོད་བྱས་པ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཐ་ཅི་ཁི་སི་ཐན་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཐ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་མུ་མཐུད་དུ་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་གྲོགས་སྙིང་སྟོབས་ལ་གཞིགས་ཏེ་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་དང་དཔལ་འབྱོར་ཚོང་དོན། བདེ་འཇགས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་གཏོང་བ་དང་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཐ་ཀྲུང་ཕྱོགས་གཉིས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ནང་དོན་གསར་པ་བསྣན་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་གསར་པ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད། ཐ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་བ་དམ་ཟབ་བྱས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་མཐའ་དག་ལེགས་སྒྲུབ་འབྱུང་བ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་གཉེར་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད་ཅེས་གསུངས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།