ཀྲུང་གོ་བོད་ཀྱི་དྲ་བ།

《མའོ་ཙེ་ཏུང་ཏེང་ཞའོ་ཕིང་ཅང་ཙེ་མིང་ཧུའུ་ཅིན་ཐའོ་བཅས་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་རྣམ་བཤད་གཅེས་བཏུས》པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-02-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《མའོ་ཙེ་ཏུང་ཏེང་ཞའོ་ཕིང་ཅང་ཙེ་རྨིན་ཧུའུ་ཅིན་ཐའོ་བཅས་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་རྣམ་བཤད་གཅེས་བཏུས》ཞེས་པ་ཉེ་ཆར་ཀྲུང་དབྱང་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

སློབ་སྦྱོང་ལ་མཐོང་ཆེན་དང་ལོ་རྒྱུས་ལ་སྤྱི་བསྡོམས་བྱེད་པ་དང་། ལོ་རྒྱུས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་བེད་སྤྱོད་བྱེད་མཁས་པ་བྱ་རྒྱུ་ནི་ང་ཚོའི་ཏང་གི་སྲོལ་རྒྱུན་བཟང་པོ་ཞིག་ཡིན། ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་ལ་མགོ་ཁྲིད་བྱེད་པའི་བརྒྱུད་རིམ་ཁྲོད།  བློ་མཐུན་མའོ་ཙེ་ཏུང་དང་། བློ་མཐུན་ཏེང་ཞའོ་ཕིང་། བློ་མཐུན་ཅང་ཙེ་རྨིན། བློ་མཐུན་ཧུའུ་ཅིན་ཐའོ་བཅས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ལ་དམིགས་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་སྟེ། ལོ་རྒྱུས་ཀྱི་དུས་རིམ་སོ་སོར་ཏང་གི་གཟི་འོད་འབར་བའི་བརྒྱུད་རིམ་དང་། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས། ཉམས་མྱོང་རྩ་ཆེན། རླབས་ཆེ་བའི་སྙིང་སྟོབས་བཅས་ལ་འགྲེལ་བ་གཏིང་ཟབ་བརྒྱབ་ཡོད། ང་ཚོའི་ཏང་གིས་ཏང་བཙུགས་ནས་ལོ་ངོ་བརྒྱ་ལོན་པའི་སྐྱེས་སྐར་བསུ་ལ་ཉེ་སྟེ། ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་བྱ་འགུལ་སྤེལ་བཞིན་ཡོད། དེབ་འདི་པར་སྐྲུན་འགྲེམ་སྤེལ་བྱས་པ་དེས། ང་ཚོས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་དང་། དེའི་ཁྲོད་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ། “འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ།  “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་འཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན།

《རྣམ་བཤད་གཅེས་བཏུས》ལ་ཁྱོན་བསྡོམས་དུམ་བུ141ཡོད་ལ། དེ་དག་ནི་སོ་སོར་བློ་མཐུན་མའོ་ཙེ་ཏུང་དང་། བློ་མཐུན་ཏེང་ཞའོ་ཕིང་། བློ་མཐུན་ཅང་ཙེ་རྨིན། བློ་མཐུན་ཧུའུ་ཅིན་ཐའོ་བཅས་ཀྱི་གསུང་བཤད་དང་། སྙན་ཞུ། གླེང་མོལ། མཆན་བཀོད་མཛུབ་སྟོན། འཕྲིན་ཡིག་སོགས་ཡིག་ཚགས་གལ་ཆེན་ལས་བཏུས་ལ། དེའི་ནང་རྣམ་བཤད་སྐོར་ཞིག་ནི་ཐེངས་དང་པོར་ཡོངས་བསྒྲགས་འགྲེམ་སྤེལ་བྱས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།