ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཞེ་དགུ་བ་ཚེས་ཉེར་བཞིའི་ཉིན་པེ་ཅིང་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ་གསུང་བཤད་གནངས། 

གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་བྱས་ཤིང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དམངས་གཙོའི་ལྟ་རྟོག་བྱ་བ་སྤེལ་བའི་འཆར་གཞིར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། 

ཝང་དབྱང་གིས་ནན་གྱིས་བསྟན་དོན། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་རྟོག་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་རྟོག་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་མངོན་འགྱུར་བྱེད་ཐབས་གལ་ཆེན་ཡིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་བ་ལག་བསྟར་བྱེད་པར་དམིགས་ཏེ་གྲོས་མོལ་རྣམ་པའི་ལྟ་རྟོག་བྱ་འགུལ་སྤེལ་རྒྱུ་ཡིན་ལ། དེ་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་རྟོག་ནུས་པ་ཇེ་མཐོར་གཏོང་བ་དང་མི་དམངས་སྲིད་གྲོས་ཀྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་དོན་སྙིང་གལ་ཆེན་ལྡན། རྒྱལ་ཡོངས་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་སྲིད་གྲོས་དམངས་གཙོའི་ལྟ་རྟོག་གི་སྟེགས་བུའི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། གྲོས་མོལ་དམངས་གཙོའི་འདུ་ཤེས་དེ་ལྟ་རྟོག་གི་བརྒྱུད་རིམ་ཧྲིལ་བོར་བརྒྱུས་ནས་སྲིད་གྲོས་ཀྱི་ཁྱད་ཆོས་ལྡན་པའི་གྲོས་མོལ་རྣམ་པའི་ལྟ་རྟོག་གི་ལག་ལེན་གསར་བ་ཆགས་པར་བྱེད་དགོས་ཞེས་གསུངས། 

གྲོས་ཚོགས་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་གྲ་སྒྲིག་བྱ་བའི་གནས་ཚུལ་གྱི་སྙན་ཞུར་གསན། ཝང་དབྱང་གིས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འགོར་བའི་ལོ་ཡིན་ཞིང་། ལོ་ལྔའི་འཆར་འགོད་བཅུ་བཞི་བ་ལག་བསྟར་བྱེད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགོ་རྩོམ་པའི་ལོ་དང་པོ་ཡང་ཡིན། ད་ལོའི་ཚོགས་ཆེན་གཉིས་བདེ་བླག་ངང་སྤེལ་བ་དེ་བསམ་བློ་གཅིག་གྱུར་དང་ནུས་ཤུགས་སྐུལ་སྤེལ། སྟོབས་ཤུགས་གཅིག་འདྲིལ། དཀའ་ཁག་ཁྱད་བསལ་བྱེད་པ་བཅས་ལ་གལ་འགངས་ཧ་ཅང་ཆེ། ནན་ཏན་གྱིས་ཀྲུང་གུང་ཀྲུང་དབྱང་གི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་བདེ་བླག་ངང་སྤེལ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དང་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྲུང་བྱེད་ཐབས་ཀྱི་རེ་བ་དངོས་འབེབ་གང་ལེགས་བྱས་ཤིང་། རྩ་འཛུགས་ཞིབ་མོ་དང་གྲ་སྒྲིག་གང་ལེགས་བྱས་ཏེ། གྲོས་མོལ་སྲིད་གྲོས་ཀྱི་སྤུས་ཚད་མཐོར་འདེད་དང་མཐུན་སྒྲིལ་ཡར་བརྩོན་གྱི་དྲང་ཕྱོགས་ནུས་ཚད་དར་སྤེལ་བྱེད་དགོས་ལ། ཚོགས་སྲོལ་ལེགས་བཅོས་གང་ལེགས་བྱས་ནས་ཚོགས་ཆེན་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་དགོས་ཞེས་གསུངས། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལས་དང་ལིས་པེན་སོགས་ཀྱིས་འབྲེལ་ཡོད་གྲོས་གཞི་བརྒྱུད་སྒྲོག་དང་གསལ་བཤད། སྙན་ཞུ་བཅས་བྱས། 

ཀྲུའུ་ཞིའི་གྲོས་ཚོགས་ནས་ཉིས་སྟོང་ཉེར་གཅིག་ལོའི་ཐུན་མོང་སློབ་སྦྱོང་ཐེངས་དང་པོ་སྤེལ་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་གསུམ་དྲུག་ཐིག་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་ཀྲིའུ་ཧོང་ཝེ་ཡིས་གདན་ཞུས་ལྟར་ཁ་ཡིག་ལ་གཞི་གྲངས་ཐོན་ཁུངས་ཀྱི་གསར་སྤེལ་དང་བེད་སྤྱོད། སྲུང་སྐྱོབ་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས་ཞེས་པའི་སྙན་ཞུ་ཕུལ། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།