ཞི་ཅིན་ཕིང་དང་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་གིས་ཁ་པར་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལོ་ཧྥུའུ་དང་ཁ་པར་གྲོས་མོལ་མཛད། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཉེར་དགུའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་འབྲེལ་བས་རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་གི་ཉམས་སད་ཐེག་ཡོད་ལ། བདེ་ཐང་གཏན་འཇགས་ཀྱི་འཕེལ་རྒྱས་རྣམ་པ་སྲུང་འཛིན་བྱས་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོར་འབྲེལ་བའི་གནད་དོན་ཐད་ནས་ཕན་ཚུན་རྒྱབ་སྐྱོར་གང་ལེགས་བྱས། བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་ནས་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས། ཀྲུང་གོའི་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་གྱིས་གཏན་འཇགས་འཕེལ་རྒྱས་མངོན་འགྱུར་བྱེད་པར་ལྷག་བསམ་ཟོལ་མེད་ཀྱིས་རེ་བ་བྱེད་བཞིན་ཡོད་པ་དང་། ཅིར་ཅི་སི་སི་ཐན་དེ་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་ཞུགས་པར་རྒྱབ་སྐྱོར་བྱེད་པར་མ་ཟད། ཅིར་ཅི་སི་སི་ཐན་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་སྒེར་ཚུགས་དང་བདག་དབང་། བདེ་འཇགས་ལ་བཅས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་ཕྱོགས་ཆེན་མོ་དམ་འཛིན་བྱས་ཏེ། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་འཕེལ་རྒྱས་རྣམ་པ་གསར་བ་འཛུགས་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བཞིན་ཡོད་པ་དང་། བསྟུད་མར་སྔར་ལས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བཞིན་ཡོད། དེ་ལས་ཅིར་ཅི་སི་སི་ཐན་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོར་སྔར་ལས་མང་བའི་འཕེལ་རྒྱས་གོ་སྐབས་འདོན་སྤྲོད་བྱེད་ངེས་ཡིན། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱིས་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་བསྟུད་མར་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས་བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ། དཔལ་འབྱོར་ཉོ་ཚོང་དང་མཉམ་འབྲེལ་མཉམ་བརྟེན། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། མཉམ་ལས་ལས་གཞི་ཆེན་མོར་སྐུལ་འདེད་གང་ལེགས་བྱེད་པར་འགན་སྲུང་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དག་ཅིར་ཅི་སི་སི་ཐན་དུ་སོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་སྐུལ་མ་གཏོང་བཞིན་ཡོད་ལ། ཅིར་ཅི་སི་སི་ཐན་གྱིས་ཀྲུང་གོའི་བར་གྱི་སྤུས་ལེགས་ཞིང་ཞོར་ཐོན་རྫས་ཀྱི་ཕྱིར་གཏོང་རྒྱ་བསྐྱེད་པར་དགའ་བསུ་ཞུ་བཞིན་ཡོད། ཕྱོགས་གཉིས་ཀྱིས་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་དང་ས་ཁུལ་རང་གི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་རྒོལ་ཐད་རྒྱབ་སྐྱོར་བྱས་ནས་འགོག་སྨན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས། 

ཀྲ་ཕཱ་ལོ་ཧྥུའུ་ཡིས་བསྟན་དོན། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་རང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རོགས་རམ་གང་ལེགས་བྱས་པ་དང་། ཟོལ་མེད་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཐད་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། ཀྲུང་གོ་ནི་ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་དུས་ནམ་ཡང་བློ་གཏོད་རུང་བའི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ་ཡིན། ཅིར་ཅི་སི་སི་ཐན་གྱིས་ཀྲུང་གོའི་ཞང་ཀང་དང་ཞིན་ཅང་། ཐེ་ཝན་སོགས་ལ་འབྲེལ་བའི་ཀྲུང་གོའི་ཁེ་ཕན་གཙོ་བོའི་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱེད་ངེས་ཡིན། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དག་ཅིར་ཅི་སི་སི་ཐན་ནས་མ་དངུལ་གཏོང་བར་དགའ་བསུ་ཞུ་བཞིན་ཡོད་ཅིང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ལྕགས་ལམ་སོགས་མཉམ་ལས་ལས་གཞི་ཆེན་མོར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས་བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅང་མ་འགོར་བའི་སྔོན་དུ་ཏཱ་བོ་སི་གྲོས་རིམ་གྱི་གྲོས་མོལ་ཚོགས་འདུའི་སྟེང་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་སྒོ་འབྱེད་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་འཛུགས་པའི་ཐད་གྲོས་གཞི་བཏོན་པ་ཧ་ཅང་གལ་ཆེན་ཡིན་པ་དང་། མིག་སྔའི་གནས་བབ་འོག་ཏུ་དམིགས་བསལ་གྱི་དངོས་ཡོད་དོན་སྙིང་ལྡན། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོའི་མི་དམངས་ཀྱིས་སྔར་ལས་ཆེ་བའི་རྒྱལ་ཁ་ལོན་པར་ཡིད་ཆེས་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།