ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཟླ་བའི་གོ་ལའི་འཚོལ་ཞིབ་བཟོ་སྐྲུན་ཟླ་བའི་ལྷ་མོ་ཨང་ལྔ་བའི་ལས་འགན་གྱི་ཞིབ་འཇུག་ཚོད་ལྟའི་ནང་ཞུགས་པའི་མི་སྣའི་འཐུས་མིར་མཇལ་འཕྲད་གནང་བར་མ་ཟད་ཟླ་བའི་གོ་ལའི་དཔེ་དངོས་དང་ཟླ་བའི་གོ་ལའི་འཚོལ་ཞིབ་བཟོ་སྐྲུན་གྱི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཟླ་བའི་གོ་ལའི་འཚོལ་ཞིབ་བཟོ་སྐྲུན་ཟླ་བའི་ལྷ་མོ་ཨང་ལྔ་བའི་ལས་འགན་གྱི་ཞིབ་འཇུག་ཚོད་ལྟའི་ནང་ཞུགས་པའི་མི་སྣའི་འཐུས་མིར་མཇལ་འཕྲད་གནང་བར་མ་ཟད་ཟླ་བའི་གོ་ལའི་དཔེ་དངོས་དང་ཟླ་བའི་གོ་ལའི་འཚོལ་ཞིབ་བཟོ་སྐྲུན་གྱི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་མཛད་དེ། ཟླ་བའི་གོ་ལའི་འཚོལ་ཞིབ་བཟོ་སྐྲུན་དང་ཁྱད་པར་དུ་ཟླ་བའི་ལྷ་མོ་ཨང་ལྔ་བའི་ལས་འགན་ལ་ལེགས་འགྲུབ་ཆེན་པོ་བྱུང་བར་ཁས་ལེན་གང་ལེགས་མཛད། ཁོང་གིས་ནན་གྱིས་བསྟན་དོན། ཟླ་བའི་འཚོལ་ཞིབ་སྙིང་སྟོབས་དར་སྤེལ་བྱས་ཤིང་། རྣམ་པ་གསར་བའི་རྒྱལ་ཁབ་སྒྲིག་ལུགས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། ཚན་རྩལ་གྱི་ཡང་རྩེར་བསྙེག་སྤོབས་པ་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཆེ་ཕྱོགས་ལ་ཞབས་འདེགས་ཞུས་ནས། རྐང་བ་གར་བཞག་རྗེས་ཡོད་པའི་སྒོ་ནས་སྐར་མའི་གོ་ལའི་འཚོལ་ཞིབ་ཀྱི་འགྲུལ་བཞུད་མགོ་རྩོམ་དགོས་པ་དང་། རྒྱུན་ཆད་མེད་པར་ཀྲུང་གོའི་མཁའ་འགྲུལ་ལས་དོན་གྱི་གསར་གཏོད་དང་འཕེལ་རྒྱས་ལ་ཡར་སྐུལ་བཏང་སྟེ། མིའི་རིགས་ཀྱིས་ཞི་བའི་སྒོ་ནས་བར་སྣང་བེད་སྤྱོད་བྱེད་པའི་ཐད་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་ཞེས་གསུངས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་། ལེ་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་བྱ་འགུལ་ལ་ཞུགས། 

མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མར་སྤྲོ་དགས་ཁེངས་ཡོད། སྔ་དྲོའི་དུས་ཚོད་བཅུ་ཡས་མས་སུ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཚོགས་རར་ཕེབས་ཏེ། ཞིབ་འཇུག་ཚོད་ལྟའི་ནང་ཞུགས་པའི་མི་སྣའི་འཐུས་མིར་ཕྱག་འཇུ་བྱས་ཏེ་གུས་སེམས་བསྟན་པ་དང་། ཚོགས་ར་ཧྲིལ་བོར་འཇགས་པ་མེད་པའི་ཐལ་མོ་རྡེབ་སྒྲས་ཁེངས། ཞི་ཅིན་ཕིང་གིས་སུང་ཅཱ་ཏུང་དང་ལའེ་ཨིན་ཅེ་སོགས་ལ་གསུང་གླེང་མཛད་པར་མ་ཟད་ཚང་མ་དང་ལྷན་དྲན་རྟེན་འདྲ་པར་བླངས། 

ཟླ་བའི་གོ་ལའི་འཚོལ་ཞིབ་བཟོ་སྐྲུན་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། འབྲེལ་གཏུག་པ། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ལས་འགན་འགན་སྲུང་སྡེ་ཁག་གི་འཐུས་མི་སོགས་མཇལ་འཕྲད་ལ་ཞུགས། 

དེའི་རྗེས་སུ་ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་ཤར་མའི་ནང་ཕེབས་ཏེ། ཟླ་བའི་གོ་ལའི་དཔེ་དངོས་དང་ཟླ་བའི་གོ་ལའི་འཚོལ་ཞིབ་བཟོ་སྐྲུན་གྱི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་མཛད་པ་དང་། ཟླ་བའི་དཔེ་དངོས་དང་བཟོ་སྐྲུན་འཛུགས་སྐྲུན། ལག་རྩལ་ལེགས་བསྒྱུར། ཚན་རིག་གྲུབ་འབྲས། རྒྱལ་སྤྱིའི་མཉམ་ལས། རྗེས་མཐུད་འཕེལ་རྒྱས་སོགས་ཐད་ཀྱི་འབྲེལ་ཡོད་མཚམས་སྦྱོར་ལ་གསན། ཞི་ཅིན་ཕིང་གིས་དུས་ངེས་མེད་དུ་གོམ་པའི་འདེགས་འཇོག་སྤོ་མཚམས་བཞག་སྟེ་ཞིབ་ལྟ་བྱས་པ་དང་འབྲེལ་ཡོད་གནས་ཚུལ་ལ་བཀའ་འདྲི་ཞིབ་ཏུ་གནངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཟླ་བའི་ལྷ་མོ་ཨང་ལྔ་བའི་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་པ་ལས་ཟླ་བའི་འཚོལ་ཞིབ་བཟོ་སྐྲུན་གྱི་སྐོར་འབབ་ལྡོག་གསུམ་གྱི་ལས་རིམ་འཆར་འགོད་བདེ་བླག་ངང་མཇུག་སྒྲིལ་བ་མཚོན་པ་དང་། དེ་ནི་རྣམ་པ་གསར་བའི་རྒྱལ་ཁབ་སྒྲིག་ལུགས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས་ནས་དཀའ་ཁག་ཁྱད་བསལ་བྱས་པའི་གྲུབ་འབྲས་ཆེན་པོ་གཞན་ཞིག་ཡིན་ལ། མཁའ་འགྲུལ་རྒྱལ་དར་འཛུགས་སྐྲུན་འཕེལ་རིམ་ཁྲོད་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པས། རང་རྒྱལ་གྱི་མཁའ་འགྲུལ་བྱ་གཞག་གི་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན། ལོ་ངོ་བཅུ་བདུན་རིང་ལ། ཟླ་བའི་གོ་ལའི་འཚོལ་ཞིབ་བཟོ་སྐྲུན་གྱི་ཞིབ་འཇུག་འཛུགས་སྐྲུན་ལ་ཞུགས་པའི་མི་སྣ་ཚང་མས་ཕུགས་བསམ་འཚོལ་བསྙེག་དང་འཚོལ་ཞིབ་བློ་སྤོབས། རོགས་ལས་ཁག་སེལ། མཉམ་ལས་མཉམ་རྒྱལ་གྱི་ཟླ་བའི་གོ་ལའི་འཚོལ་ཞིབ་སྙིང་སྟོབས་དར་སྤེལ་བྱས་པ་དང་། རྒྱུན་ཆད་མེད་པར་ཚན་རྩལ་གྱི་ཡང་རྩེ་གསར་བར་བསྙེག་པས་མི་ཀུན་ཡིད་སྨོན་བྱེད་པའི་དགའ་འོས་པའི་གྲུབ་འབྲས་བླངས་ཡོད། མུ་མཐུད་དུ་རྣམ་པ་གསར་བའི་རྒྱལ་ཁབ་སྒྲིག་ལུགས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས་ཤིང་། རང་བདག་གསར་གཏོད་བྱ་བའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། གཅིག་གྱུར་བཀོད་འདོམ་དང་འཆར་འགོད་བྱེད་པ། ཡང་འབད་བསྐྱར་འབད་བྱས་ཏེ་ཀྲུང་གོའི་མཁའ་འགྲུལ་གྱི་བར་སྣང་ཚན་རིག་དང་བར་སྣང་ལག་རྩལ། བར་སྣང་བེད་སྤྱོད་བཅས་ཀྱི་གསར་གཏོད་འཕེལ་རྒྱས་ལ་ཡར་སྐུལ་གཏོང་དགོས་ལ། ཧུར་ཐག་སྒོས་རྒྱལ་སྤྱིའི་མཉམ་ལས་སྤེལ་ནས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པའི་ཐད་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་ཞེས་གསུངས། 

ཏེན་ཞོས་ཞང་དང་། ལིའུ་ཧི། ཀྲང་ཡུག་ཞཱ། ཁྲིན་ཞེ། ཧོང་ཁོན་མེན། ཝང་ཡུང་། ཞའོ་ཅེ་བཅས་གོང་གི་བྱ་འགུལ་ལ་ཞུགས། 

ཟླ་བའི་གོ་ལའི་འཚོལ་ཞིབ་བཟོ་སྐྲུན་ལག་བསྟར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་དཔལ་འབྱོར་ཚན་རྩལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་མོ་དམ་འཛིན་བྱེད་ཆེད་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་པ་དང་། བཟོ་སྐྲུན་དེ་ལག་བསྟར་བྱས་པའི་ཚུན་ལ་ཟླ་བའི་གོ་ལའི་འཚོལ་ཞིབ་ལས་འགན་ཐེངས་དྲུག་བདེ་བླག་ངང་ཡོངས་འགྲུབ་བྱས། ཟླ་བའི་ལྷ་མོ་ཨང་ལྔ་བའི་ལས་འགན་དེ་རང་རྒྱལ་གྱི་ཆེས་རྙོག་འཛིང་ཆེ་ཞིང་ལག་རྩལ་གྱི་ཁྱབ་རྒྱ་ཆེས་ཆེ་བའི་མཁའ་འགྲུལ་མ་ལག་བཟོ་སྐྲུན་ཞིག་ཡིན་པའི་ཆ་ནས། ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་ཐོག་དང་པོར་རང་རྒྱལ་གྱི་བར་སྣང་གནམ་གཟུགས་ཀྱིས་དཔེ་དངོས་འཚོལ་བསྡུ་བྱས་ཏེ་ཕྱིར་ལོག་པ་དང་། མ་འོངས་པར་རང་རྒྱལ་གྱིས་ཟླ་བའི་གོ་ལ་དང་རྒྱུ་སྐར་གྱི་འཚོལ་ཞིབ་སྤེལ་བར་རྨང་གཞི་བརྟན་པོ་བཏིང་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།