ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ལ་ཁ་པར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས22ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ལ་ཁ་པར་བཏང་ནས་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཨེ་ཅིབ་ནི་ཐོག་མར་ཀྲུང་གོ་གསར་བ་དང་ཕྱི་འབྲེལ་འཛུགས་མཁན་གྱི་ཨ་རབ་རྒྱལ་ཁབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཡིན་པ་དང་། ཀྲུང་གོ་དང་ཨེ་ཅིབ་ཀྱི་འབྲེལ་བ་ནི་ཀྲུང་གོ་དང་ཨ་རབ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཉམ་ལས་དང་། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་དཔེ་མཚོན་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཨེ་ཅིབ་དེ་ཀྲུང་གོའི་ཕྱི་འབྲེལ་གྱི་ཁྱོན་ཡོངས་ཀྱི་གནས་བབ་གལ་ཆེན་དུ་བཞག་ནས། ཨེ་ཅིབ་ཀྱིས་ཡིད་ཆེས་རུང་བའི་གྲོགས་པོ་དང་རོགས་ཟླ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱ་ཆེད་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཨེ་ཅིབ་མི་དམངས་ཀྱིས་རང་ངོས་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་ལ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། ཐུན་མོང་གིས་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད་ལ། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཀྲུང་གོ་དང་ཨེ་ཅིབ་གཉིས་ཀྱིས་ཕན་ཚུན་ལ་རིམས་ནད་འགོག་པའི་དངོས་ཟོག་མཁོ་སྤྲོད་བྱས་ནས་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་མཉམ་དུ་རིམས་འགོག་སྨན་ཁབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་གྱིས་རིམས་ནད་སྔོན་འགོག་ལ་རྒྱབ་སྐྱོར་བྱས་ཏེ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་སྒྲིག་གཞི་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨེ་ཅིབ་ཀྱིས་དངོས་སྒྲུབ་མཉམ་ལས་ཐད་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ཏེ་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱེད་པ་དང་། མཉམ་ལས་ཀྱི་རྣམ་གྲངས་གལ་ཆེན་དག་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། ཁྲིམས་འཛིན་བདེ་འཇགས་དང་འཇིག་རྟེན་འཕུར་སྐྱོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ལོན་ཡོད། ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱིས་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དེ་བས་མང་པོ་ཨེ་ཅིབ་ཏུ་མ་དངུལ་འཇོག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཨེ་ཅིབ་ཕྱོགས་དང་མཉམ་དུ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། ཐོན་ནུས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས། ཀྲུང་གོ་དང་ཨེ་ཅིབ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན། 

སའེ་ཞི་ཡིས་སྤྲོ་སེམས་འཁོལ་བའི་ངང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100ལོན་པར་རྟེན་འབྲེལ་ཞུས་པ་རེད། སའེ་ཞི་ཡིས་བཤད་རྒྱུར། ད་ལོ་ནི་ཨེ་ཅིབ་དང་ཀྲུང་གོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ65འཁོར་བའི་ལོ་ཞིག་རེད། ཨེ་ཅིབ་དང་ཀྲུང་གོའི་བར་གྱི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་ཟབ་པ་དང་རྒྱལ་ཁབ་གཉིས་པོའི་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་ཕྱིན་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་མཉམ་ལས་དམ་ཟབ་བྱུང་སྟེ།  རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཤང་ཀང་དང་། ཞིན་ཅང་། ཐའེ་དབན་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་ལངས་ཕྱོགས་ལ་རྒྱབ་སྐྱོར་བརྟན་པོ་དང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གཅིག་གྱུར་བཅས་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱ་རྒྱུ་ཡིན། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དེ་བས་མང་པོ་ཨེ་ཅིབ་ཏུ་མ་འཇོག་མཉམ་ལས་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཐུན་མོང་གིས་འབད་བརྩོན་བྱས་ནས་ཨེ་ཅིབ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་ཇེ་ཟབ་ཏུ་གཏོང་འདོད་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་འགོག་སྨན་ཁབ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།