ཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞང་སྡེ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱས་ཏེ་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་བསམ་འཆར》ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་སྔོན། 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞང་སྡེ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱས་ཏེ་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་བསམ་འཆར》དངོས་སུ་ཁྱབ་བསྒྲགས་བྱས།

《བསམ་འཆར》ལས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི་《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱ་རིང་དམིགས་འབེན་གཏན་འབེབས་བྱེད་པའི་གྲོས་གཞི》ཡིས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་ཞིང་ལས་དང་ཞིང་སྡེ་དམིགས་བསལ་དུ་འཕེལ་རྒྱས་སུ་གཏོང་བ་དང་། ཞང་སྡེ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་པར་སྤྱིའི་བཀོད་སྒྲིག་བྱས་ཏེ། དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཞིང་གསུམ་བྱ་བ་བཟང་བོར་བསྒྲུབ་པར་ཁ་ཕྱོགས་གསལ་བོ་བསྟན་ཡོད་ཟེར།

《བསམ་འཆར》ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། ཏང་གི་ཞིང་གསུམ་བྱ་བའི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་རྒྱུ་རྒྱུན་འཁྱོངས། ཞིས་ལས་དང་ཞིང་སྡེ་དམིགས་བསལ་དུ་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས། ཞིང་ལས་དེང་རབས་ཅན་དང་ཞིང་སྡེ་དེང་རབས་ཅན་ལ་གཞི་གཅིག་ཏུ་ཇུས་འགོད་དང་མཉམ་གཅིག་ཏུ་སྐུལ་སྤེལ་བྱེད་རྒྱུ་རྒྱུན་འཁྱོངས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མགོ་བཟང་བོ་རྩོམ་པར་རྒྱབ་རྟེན་སྟོབས་ཅན་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

《བསམ་འཆར》ལས་གཏན་ཁེལ་བྱས་པའི་ལས་འགན་ནི། ཉིས་སྟོང་ཉེར་གཅིག་ལོར་ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། འབྲུ་རིགས་འདེབས་རྒྱ་གཏན་འཇགས་ཡོང་བར་བྱེད་པ་དང་ཐོན་ཚད་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་དང་བྱེ་བ་གསུམ་གྱི་ཡན་ལ་བསླེབ་བྱེད་རྒྱུ་དང་། ཞིང་པའི་ཡོང་སྒོ་འཕར་ཚད་བསྟུད་མར་མཁར་གྲོང་སྡོད་དམངས་ལས་མགྱོགས་པར་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་བསྟུད་མར་སྲ་བརྟན་དུ་གཏོང་རྒྱུ། ཉིས་སྟོང་ཉེར་ལྔ་ལོར་ཐོན་སྐབས། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་གྲུབ་འབྲས་གལ་ཆེན་བླངས་ནས། ཞིང་ལས་རྨང་གཞིའི་སྒྲིག་ཆས་དེང་རབས་ཅན་ཆུ་ཚད་གསར་པར་འཕར་བར་བྱེད་རྒྱུ་དང་། ཞིང་སྡེའི་འཚོ་བའི་སྒྲིག་ཆས་སྟབས་བདེ་ཅན་ཐོག་མར་མངོན་འགྱུར་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་ཐུན་ཞབས་ཞུ་དོ་མཉམ་ཅན་གྱི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་གཏོང་རྒྱུ། ཞང་སྡེ་འཛུགས་སྐྲུན་གྱི་འགུལ་སྐྱོད་ཐད་ཕན་འབྲས་མངོན་གསལ་ལེན་རྒྱུ་དེ་རེད།

《བསམ་འཆར》ལས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དུ་གཏོང་རྒྱུ་དེ་ཞང་སྡེ་དར་སྤེལ་དང་ཕན་ནུས་ལྡན་པར་སྦྲེལ་མཐུད་བྱེད་དགོས། དབུལ་ཕོངས་ལས་ཐར་བའི་རྫོང་ལ་དབུལ་ཕོངས་ལས་ཐར་བའི་ཉིན་ནས་བཟུང་ལོ་ལྔའི་བར་བརྒལ་དུས་སྐབས་གཏན་ཁེལ་བྱས་ཏེ་རྒྱབ་སྐྱོར་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་བསྟུད་མར་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་དགོས། ཕྱིར་དབུལ་ཕོངས་སུ་འགྱུར་བ་འགོག་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཕྱིར་དབུལ་ཕོངས་སུ་འགྱུར་སླ་བ་དང་སྤྱིར་དབུལ་ཕོངས་སུ་འགྱུར་སླ་བའི་མི་གྲངས་དུས་ལྟར་ཤེས་པར་བྱེད་པ་དང་དེ་དག་ལ་དུས་ལྟར་རོགས་སྐྱོར་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་ཕོངས་སུ་འགྱུར་བའི་མཐའ་ཚད་སྲུང་དགོས། དབུལ་ཕོངས་ས་ཁུལ་གྱི་ཞང་སྡེ་དར་སྤེལ་བསྟུད་མར་སྤེལ་དགོས། དབུལ་ཕོངས་ས་ཁུལ་གྱི་ཁྱད་ཆོས་ཅན་གྱི་འདེབས་འཛུགས་ལས་མཐོར་འདེགས་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་ཕྱིར་འཚོང་སྦྲེལ་མཐུད་བྱ་འགུལ་རྒྱ་ཆེར་སྤེལ་ནས། འཛད་སྤྱོད་རོགས་སྐྱོར་ཟབ་སྤེལ་རྒྱ་བསྐྱེད་བྱེད་དགོས། རྩ་འཛུགས་ཅན་གྱི་ངལ་རྩོལ་པ་ཞོར་ལས་ལ་མངགས་པའི་བྱ་བ་བསྟུད་མར་བཟང་བོར་སྒྲུབ་དགོས། སྤྱི་ཕན་ལས་གནས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་ལས་ཞུགས་དཀའ་ཁག་ཅན་ལ་ལས་ཞུགས་རོགས་སྐྱོར་བྱེད་དགོས། ཤར་ནུབ་རྒྱུད་རོགས་ལས་དང་ཁ་གཏད་རོགས་སྐྱོར། སྤྱི་ཚོགས་སྟོབས་ཤུགས་རོགས་སྐྱོར་ཁྲོད་ཞུགས་པ་སོགས་རྐྱེན་སྲོལ་རྒྱུན་འཁྱོངས་བྱས་ཏེ་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་ཡོང་སྒོ་དམའ་བའི་མི་གྲངས་ཀྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་ཤུགས་སྣོན་དགོས། ཞིང་སྡེའི་ཡོང་སྒོ་དམའ་བའི་མི་གྲངས་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱས་ཏེ། རིམ་པ་དང་རིགས་བགར་ནས་རོགས་སྐྱོར་བྱེད་དགོས་ཞེས་བསྟན་ཡོད།

《བསམ་འཆར》ལས་ཞིང་ལས་དེང་རབས་ཅན་མྱུར་དུ་སྤེལ་བར་དམིགས་ནས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་མཁོ་འདོན་འགན་སྲུང་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། འབྲུ་རིགས་འདེབས་རྒྱ་སླར་གསོ་བྱས་ཏེ། རྨོ་ཞིང་མུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཀྱི་དམར་མཚམས་བརྟན་སྲུང་བྱེད་པ་དང་། དེང་རབས་ཞིང་ལས་ཚན་རྩལ་དང་དངོས་རྫས་སྒྲིག་ཆས་ཀྱི་རྒྱབ་རྟེན་ཇེ་དྲག་ཏུ་གཏོང་བ། དེང་རབས་ཞང་སྡེའི་ཐོན་ལས་མ་ལག་འཛུགས་པ། ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དེང་རབས་ཞིང་ལས་བདག་གཉེར་མ་ལག་འཛུགས་སྐྲུན་བྱེད་པ་བཅས་བྱེད་དགོས་ཞེས་བསྟན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།