ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་སར་ལྷན་འཛོམས་ཚོགས་འདུ་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གནང་།

1.jpg

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཉིས་སྟོང་ཉེར་གཅིག་ལོའི་ལོ་སར་ལྷན་འཛོམས་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞ་ཅིན་ཕིང་གིས་གསུང་བཤད་གནང་།

02.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚོགས་འདུར་མགོ་འཛིན་མཛད།

2.jpg

ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་རྒྱལ་སའི་ལས་རིགས་སོ་སོའི་མི་སྣ་དང་ལྷན་དུ་འཛོམས་ནས་ལོ་སར་བསུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཉིས་སྟོང་ཉེར་གཅིག་ལོའི་ལོ་སར་ལྷན་འཛོམས་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞ་ཅིན་ཕིང་གིས་གསུང་བཤད་གནང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐེ་ཝན་སྤུན་ཟླ་དང་ཕྱིར་སྡོད་རང་མིའི་སྤུན་ཟླ་བཅས་ལ་ལོ་སར་གྱི་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་པ་དང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པར། ཀྲུང་གོ་གུང་ཁྲན་ཏང་གི་འབད་འཐབ་ལོ་རྒྱུས་དང་ཀྲུང་གོ་གསར་པའི་འཕེལ་རྒྱས་ལོ་རྒྱུས། ཀྲུང་ཧྭ་མི་རིགས་ཀྱི་ཤེས་རིག་ལོ་རྒྱུས་བཅས་ཀྱི་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། དེ་དང་མཉམ་དུ་ང་ཚོས་འདི་ནི་ང་ཚོ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་བསྐྱོད་པའི་གནད་འགག་གི་གོམ་སྟབས་ཤིག་ཡིན་པས། ང་ཚོ་ང་རྒྱལ་གྱིས་ཁེངས་མི་ཉན་པ་དང་རང་དགར་འདུག་མི་རུང་བར། མུ་མཐུད་དུ་ཁེངས་སྐྱུང་གཟབ་ནན་དང་འཚབ་འཚུབ་མེད་པར་དཀའ་སྤྱད་འབད་འཐབ་དང་ཡར་བརྩོན་ལྷོད་མེད་བྱས་ཏེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་ཧུར་ཐག་འབད་ཐག་བྱས་ནས། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་ལས་དོན་ཀྱི་ཐད་དུ་རྒྱུན་མ་ཆད་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས་པ་དེ་ངེས་པར་དུ་ཤེས་དགོས།

ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ལོ་སར་ལྷན་འཛོམས་ཚོགས་འདུར་ཞུགས་པ་དང་། ལིས་ཁི་ཆང་གིས་མགོ་འཛིན་མཛད།

མི་དམངས་ཚོགས་ཁང་ཆེན་མོའི་གསོལ་སྟོན་ཚོམས་ཁང་དུ་གློག་འོད་རྣམ་པར་བཀྲ་ཞིང་དགའ་སྤྲོའི་དཔལ་གྱིས་ཁེངས་ཡོད་ལ། ལས་རིགས་སོ་སོའི་མི་སྟོང་གཅིག་ཙམ་དགའ་སྤྲོའི་ངང་ལྷན་དུ་འཛོམས་ནས་ལོ་སར་བསུས།

སྔ་དྲོའི་དུས་ཚོད་བཅུའི་སྟེང་། དགའ་སྤྲོའི་རོལ་དབྱངས་ཁྲོད་དུ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཚོམས་ཆེན་དུ་ཕེབས་ནས་ཚང་མར་ཕྱག་བརྡ་བཏང་བ་དང་། ཚང་མས་ཕན་ཚུན་ལ་ལོ་སར་གྱི་འཚམས་འདྲི་དང་སྨོན་འདུན་ཞུས།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། འདས་པའི་ལོ་གཅིག་ལ་ཕྱིར་ལྟ་བྱས་ཚེ། ཡ་ང་བའི་འགྱུར་ལྡོག་ཆེན་པོ་ཡོད་ལ། དཔའ་ཆེ་བའི་འབད་འཐབ་མདུན་སྐྱོད་ཀྱང་ཡོད། ལོ་གཅིག་གི་རིང་ལ། ང་ཚོའི་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། མཐུན་སྒྲིལ་གཅིག་གྱུར་དང་དཀའ་ངལ་ཁྱད་སེལ་གྱིས་རིམས་ནད་ལ་འཐབ་ཅིང་ཆུ་ལོག་བཀག་འགོག་བྱས་པ་དང་། བཅོས་སྒྱུར་ལ་སྐུལ་ཞིང་སྒོ་འབྱེད་རྒྱ་བསྐྱེད་ཅིང་། དབུལ་ཐར་བཟུང་ཞིང་དམངས་ཚིས་ལ་ཕན་བཏགས་པ་དང་། འཕར་སྣོན་སྲུང་ཞིང་ཁྱོན་ཡོངས་བརྟན་པར་བྱས། འཛམ་གླིང་སྟེང་ཀུན་གྱི་སྔོན་ལ་རིམས་ནད་མཆེད་པར་ཚོད་འཛིན་བྱས་པ་དང་། འཛམ་གླིང་གི་དཔལ་འབྱོར་ཚོགས་པ་གཙོ་བོའི་ཁྲོད་ཚང་མའི་སྔོན་ལ་དཔལ་འབྱོར་འཕར་བ་མངོན་འགྱུར་བྱས་ཤིང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་ཆེན་ཐོབ་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་དང་ལས་འགན་དུས་ལྟར་ཡོངས་འགྲུབ་བྱས། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཆེན་པོ་བསྟུད་མར་བླངས་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་བ་ཏན་ཏིག་གིས་སྤེལ། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་མཇུག་བཟང་བོར་བསྡུས་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཏུ་ཁས་ལེན་ཐོབ་པ་སོགས་བྱ་གཞག་སྣ་ཚོགས་ཐད་གལ་ཆེ་བའི་གྲུབ་འབྲས་གསར་པ་ཐོབ། ལག་ལེན་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་འཛད་དུ་མེད་པའི་ཚེ་སྲོག་གི་སྟོབས་ཤུགས་དང་གསར་གཏོད་ཀྱི་སྟོབས་ཤུགས་ཆེན་པོ་ལྡན་ལ། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ལ་འགྲན་ཟླ་བྲལ་བའི་མཐུན་སྒྲིལ་གྱི་སྟོབས་ཤུགས་དང་གཅིག་མཐུན་གྱི་སྟོབས་ཤུགས་ཆེན་པོ་ལྡན་པ་ཡང་བསྐྱར་ར་སྤྲོད་བྱུང་ཡོད། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ན། དཀའ་ངལ་གང་གིས་ཀྱང་ང་ཚོར་བར་ཆད་བྱེད་མི་ཐུབ་ལ། སྟོབས་ཤུགས་གང་གིས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གོམ་སྟབས་བརྟན་པོ་འགོག་མི་ཐུབ་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་གསར་པའི་ནང་དུ། ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ལག་ལེན་མཐར་ཕྱིན་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་གཞིར་འཛིན་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་རྒྱུ་གཙོ་ཐིག་བྱེད་པ། བཅོས་སྒྱུར་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་བརྩི་བ། མི་དམངས་ཀྱི་ཉིན་རེར་འཕར་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་བསྐོང་རྒྱུ་རྩ་བའི་དམིགས་འབེན་བྱེད་པ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་བྱེད་པ། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་གྱིས་ལག་བསྟར་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་བཅས་བྱས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་འཕེལ་རྒྱས་ཀྱི་མགོ་བཟང་བོ་ཞིག་བརྩམས་ཏེ། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་བསུ་མ་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ནམ་ཞིག་ཁྱུང་ཆེན་མཁའ་ལ་ལྡིང་ཙ་ན།།དྲི་གཞོན་དང་བསྡེབས་ཆུ་འཛིན་བང་རིམ་བརྟོལ།། ལོ་བརྒྱའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཐོག་མའི་བསམ་འདུན་དུ་བཟུང་ཞིང་། ཀྲུང་ཧྭ་མི་རིགས་བསྐྱར་དར་འབྱུང་བར་བྱེད་རྒྱུ་དེ་འགན་འཁྲི་རུ་བརྩིས་ནས། དཀའ་ངལ་ལ་སྐྲག་པ་མེད་ཅིང་བློས་གཏོང་ལ་ཕངས་པ་མེད་པར་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། འཐབ་འཛིང་དྲག་པོ་དང་། ཡར་བརྩོན་ལྷོད་མེད། བཅོས་སྒྱུར་སྒོ་འབྱེད་བཅས་བྱས་པས། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་གྱུར་པའི་རླབས་ཆེན་མཆོང་སྐྱོད་བསུས་ཡོད། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་ལོ་བརྒྱའི་འོད་སྟོང་འབར་བའི་རྒྱུད་རིམ་བརྒྱུད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཏུ་ལོ་བདུན་ཅུ་ལྷག་ལ་སྲིད་བཟུང་ཞིང་། ཏང་ཡོན་བྱེ་བ་དགུ་དང་ས་ཡ་གཅིག་ལྷག་ཡོད་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཆེས་ཆེན་པོར་གྱུར་ཏེ། ཀྲུང་གོ་མི་དམངས་ཐེར་འབུམ་གཅིག་དང་དུང་ཕྱུར་བཞིའི་ཡོངས་སུ་ཁྱབ་པའི་རྒྱབ་སྐྱོར་དང་གོང་བཀུར་ཐོབ་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་དུས་གཏན་གྱི་རླབས་ཆེན་བྱ་གཞག་སྒྲུབ་ན། ལོ་བརྒྱ་ཐམ་པ་ནི་ཆེས་དར་ལ་བབས་པའི་དུས་ཡིན་པས། ང་ཚོས་བཞུད་ཟིན་པའི་ལམ་ལ་ཕྱིར་ལྟ་ནན་མོ་བྱས་ཏེ་ཚུར་ཡོང་སྐབས་ཀྱི་ལམ་བརྗེད་མི་རུང་ལ། མདུན་སྐྱོད་ཀྱི་ལམ་དུ་མུ་མཐུད་བཟང་བོར་བསྐྱོད་དེ། ཕུགས་བསམ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཐོག་མའི་བསམ་འདུན་ཡིད་ལ་དམ་པོར་བཅངས་ཤིང་། མི་དམངས་མང་ཚོགས་ཀྱི་ཁྲོད་དུ་རྩ་བ་ཚུགས་པར་བྱས་ཏེ། དུས་གཏན་དུ་ཉམས་པ་མེད་པའི་སྐྱེ་སྟོབས་དང་ཞུམ་པ་མེད་པའི་སྤོབས་སེམས་ཡོད་དགོས། ང་ཚོའི་ཏང་དུས་ནམ་ཡང་དུས་རབས་འཕེལ་རྒྱས་ཀྱི་ཆེས་སྔོན་གྲལ་དུ་ལངས་པ་དང་། དཀའ་བ་ཁྱད་སེལ་གྱི་ཆེས་མདུན་གྲལ་དུ་ལངས་ཤིང་། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་ཁྲོད་དུ་ལངས་ཚེ། དུས་གཏན་དུ་མི་ཕམ་པའི་གནས་སུ་ལངས་པ་ཡིན།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོ་མི་དམངས་ཁྲིམས་ཁང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱི་མགོ་ཁྲིད་བློ་མཐུན་དང་བློ་མཐུན་རྒན་པ་རྣམས་ལོ་སར་ལྷན་འཛོམས་ཚོགས་འདུར་ཞུགས།

ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་སྡེ་ཁག་སོ་སོ་དང་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པའི་འཐུས་མི། ཆེད་ལས་མཁས་པ་དང་རིག་གནས་པ་གྲགས་ཅན། རྒྱལ་སའི་ལས་རིགས་སོ་སོའི་མི་སྣའི་འཐུས་མི་བཅས་ཀྱང་ལོ་སར་ལྷན་འཛོམས་ཚོགས་འདུར་ཞུགས།

རིག་རྩལ་ལས་དོན་པས་རིག་རྩལ་འཁྲབ་སྟོན་བྱས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།