ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཉིས་སྟོང་ཉི་ཤུ་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གྲོས་གཞི་ཐག་གཅོད་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན་པ་དང་། བློ་གྲོས་གཅིག་ཏུ་བསྡུས་ནས་སྲིད་གཞུང་བྱ་བ་བཟང་བོར་སྒྲུབ་པ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན། 

གྲོས་ཚོགས་ནས་བསྟན་དོན། རྒྱལ་ཡོངས་དམས་ཆེན་འཐུས་མིའི་གྲོས་གཞི་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ཐག་གཅོད་བྱེད་པ་ནི་སྲིད་གཞུང་གིས་དམངས་དོན་དུ་འགན་འཁྲི་ལག་བསྟར་བྱེད་པའི་རེ་བ་ཡིན་ཞིང་། ཐུན་མོང་གི་ལྟ་ཚུལ་གཅིག་ཏུ་བསྡུས་ནས་སྲིད་གཞུང་བྱ་བ་བཟང་བོར་སྒྲུབ་པའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཅིག་ཡིན། ན་ནིང་གྲོས་གཞིའི་ཁ་གྲངས་ཇེ་མང་དུ་སོང་བ་དང་ཐག་གཅོད་བྱེད་པའི་དུས་ཚོད་ཐུང་བ་སོགས་ཀྱི་གནས་ཚུལ་འོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོས་རིམས་ནད་ཀྱི་ཤུགས་རྐྱེན་སོགས་དཀའ་ཁག་མང་བོ་ཁྱད་དུ་སེལ་བ་དང་། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། བསྡོམས་པས་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་གྲོས་གཞི་སྟོང་བརྒྱད་དང་བརྒྱ་དང་བརྒྱད་དང་། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་སྟོང་བཞི་དང་བརྒྱ་དང་བཅོ་ལྔ་སྣེ་ཁྲིད་ནས་ཐག་གཅོད་བྱས་པ་ཡིན་ལ། སོ་སོར་སྤྱི་གྲངས་ཀྱི་བརྒྱ་ཆའི་གྱ་བརྒྱད་དང་གྲངས་ཆུང་གསུམ་དང་བརྒྱ་ཆའི་གྱ་བཞི་དང་གྲངས་ཆུང་དགུ་ཟིན་ཡོད། གྲོས་གཞི་ཐག་གཅོད་བྱས་པ་བརྒྱུད་དེ་སྡེ་ཁག་སོ་སོས་བསྡོམས་པས་འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་དང་གྲོས་གཞི་སྟོང་གསུམ་དང་བདུན་བརྒྱ་ཙམ་དང་ལེན་བྱས་པར་མ་ཟད། འབྲེལ་ཡོད་ཀྱི་སྲིད་ཇུས་བྱེད་ཐབས་སྣ་སྟོང་གཅིག་དང་ལྔ་བརྒྱ་ཙམ་བཏོན་ཏེ། གཏན་འཇགས་དྲུག་དང་འགན་སྲུང་དྲུག་གི་བྱ་བར་སྐུལ་འདེད་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་ལ་ཡར་སྐུལ་བྱེད་པ། སྤྱི་བའི་འཕྲོད་བསྟེན་འཕྲལ་སྒྲུབ་དོ་དམ་མ་ལག་འཐུས་ཚང་དུ་འཛུགས་པ། དམངས་ཚིས་དཀའ་ཁག་སོགས་འབྲེལ་ཡོད་བྱ་བ་ཐག་གཅོད་བྱས་ནས། རིམས་ནད་འགོག་བཅོས་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་བཀོད་འདོམ་དང་ཡར་སྐུལ་བྱེད་པ་དང་། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཟེར། གྲོས་ཚོགས་ནས་དང་ལེན་བྱས་པའི་གྲོས་གཞི་དག་ལ་བསྟུད་མར་ཕན་འབྲས་ཐོན་པར་བྱེད་དགོས་པའི་རེ་བ་བཏོན། 

གྲོས་ཚོགས་ནས་བསྟན་དོན། ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོགས་ལ་ཉེ་བའི་སྐབས་སུ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པར་དམིགས་ཏེ། གྲོས་གཞི་ཐག་གཅོད་བྱེད་པ་དེ་སྲིད་གཞུང་བྱ་བའི་ནང་དོན་གཙོ་བོར་བྱས་པ་དང་། སྲིད་གཞུང་གི་ཐབས་ཇུས་དང་སྲིད་ཇུས་དངོས་འབེབ་བྱེད་པའི་ཁྲོད་འདྲེས་པར་བྱས་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མགོ་བཟང་བོ་རྩོམ་པར་ཁག་ཐེག་བྱེད་དགོས། གཅིག་ནས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་བསམ་འཆར་དང་གྲོས་གཞིར་གསན་པའི་བྱ་བ་བཟང་བོར་བསྒྲུབ་དགོས། སྡེ་ཁག་སོ་སོས་དྲ་རྒྱའི་རྒྱ་བསྐྱེད་དང་ལས་རེས་ཁ་པར་བཀོད་སྒྲིག་བྱེད་པ། བརྙན་རིས་སྐུད་འབྲེལ་སོགས་ཀྱི་ཐབས་ལ་བརྟེན་ནས་འཐུས་མི་དང་ཨུ་ཡོན་བར་བཀག་མེད་དུ་བརྗེ་རེས་བྱེད་དགོས། གཉིས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། གྲོས་གཞི་ཐག་གཅོད་བྱེད་པ་དང་བྱེད་སྒོའི་བྱ་བར་སྐུལ་འདེད་གཏོང་བ་ཟུང་དུ་སྦྲེལ་དགོས། འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་དང་གྲོས་གཞིར་ནན་ཏན་གྱིས་ཞིབ་འཇུག་བྱས་ཤིང་། ལ་ལ་སྲིད་གཞུང་བྱ་བའི་སྙན་ཞུ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་རྩ་གནད་བཟོ་བཅོས་ཁྲོད་བསྡུ་ལེན་བྱེད་པ་དང་། ལ་ལ་ཕྱིན་ཆད་ཀྱི་འབྲེལ་ཡོད་བྱ་བ་དང་སྲིད་ཇུས་གྲབས་གསོག་ཁྲོད་བསྡུས་ནས། འཐུས་མི་དང་ཨུ་ཡོན་གྱི་ཐུན་མིན་གྱི་བསམ་ཚུལ་དག་བསྡུ་ལེན་བྱས་ཏེ་སྲིད་གཞུང་བྱ་བ་བཟང་བོར་སྒྲུབ་པའི་དོན་དངོས་བྱེད་ཐབས་སུ་འགྱུར་བར་བྱེད་དགོས། གསུམ་ནས་སྔར་ལས་ལྷག་པའི་སྒོ་ནས་གྲོས་གཞི་ཐག་གཅོད་བྱེད་པའི་སྤུས་ཚད་མཐོར་འདེགས་བྱེད་དགོས། བྱ་བ་གཙོ་བོར་ཞིབ་འཇུག་དང་ཆེད་དོན་རྟོག་ཞིབ་བྱ་བ་སྤེལ་ཏེ། རང་འགུལ་གྱིས་འབྲེལ་ཡོད་འཐུས་མི་དང་ཨུ་ཡོན་གདན་ཞུ་བྱས་ནས་དཀའ་ཁག་ཆེ་བའི་གནད་དོན་གཙོ་བོ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། ས་གནས་ལ་འབྲེལ་བའི་གྲོས་གཞི་དག་འཐུས་མི་དང་ཨུ་ཡོན། ས་གནས་བཅས་ཀྱིས་མཉམ་དུ་བསྒྲུབ་དགོས། བཞི་ནས་ཐག་གཅོད་འགན་འཁྲི་དངོས་འབེབ་བྱས་ཏེ་དུས་ལྟར་ཐག་གཅོད་བྱེད་དགོས། རང་འགུལ་གྱིས་འཐུས་མི་དང་ཨུ་ཡོན་ལ་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱེད་པ་དང་། དུས་ལྟར་ལན་བྱིན་པའི་ནང་དོན་གསལ་བོར་བྱེད་དགོས། ལྔ་ནས་རྒྱལ་སྲིད་སྤྱི་ཁྱབ་གཞུང་སྒྲུབ་ཁང་གིས་བྱ་བ་ཐག་གཅོད་བྱེད་པའི་གཅིག་གྱུར་བཀོད་འདོམ་དང་མཐུན་སྦྱོར། ལྟ་རྟོག་སྣེ་ཁྲིད་བཅས་ལ་ཤུགས་སྣོན་དགོས། སྡེ་ཁག་སོ་སོས་ནན་ཏན་གྱིས་ཉམས་མྱོང་སྤྱི་བསྡོམས་བྱས་ཏེ་བྱ་བ་ཐག་གཅོད་བྱེད་པའི་ལམ་ལུགས་ཅན་དང་ཚད་ལྡན་ཅན་ལ་སྐུལ་འདེད་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་གྲོས་གཞི་ཐག་གཅོད་བྱས་པའི་འབྲེལ་ཡོད་བརྡ་འཕྲིན་ཁྱབ་སྒྲོག་བྱེད་པའི་བྱ་བ་བཟང་བོར་སྒྲུབ་ནས། འཐུས་མི་དང་ཨུ་ཡོན། སྤྱི་ཚོགས་བཅས་ཀྱི་ལྟ་རྟོག་དང་ལེན་བྱེད་དགོས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།