ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་ཡིས་ཚེས་བཅུ་གཉིས་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལོ་སར་གྱི་རྟེན་འབྲེལ་ཞུ་ཡིག་བསྐུར།
པ་ཧི་ཡིས་བཤད་རྒྱུར། གནམ་ལོ་གསར་པའི་སྐབས་འདིར། ངས་ཁྱེད་དང་ཀྲུང་གོ་མི་དམངས་ཡོངས་ལྕགས་མོ་གླང་གི་ལོར་ལུས་ཕུང་བདེ་ཐང་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུས་པ་ཡིན། གླང་གི་ལོ་ནི་ཨོ་ལིན་ཕིག་ལུས་རྩལ་ལ་མཚོན་ན་དུས་སྐབས་གལ་ཆེན་ཞིག་ཡིན་ཏེ། པེ་ཅིང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་བསླེབ་ལ་ཉེ་བ་དང་། འཛམ་གླིང་ཞི་བདེ་དང་མཐུན་སྒྲིལ། མཛའ་བརྩེ་བཅས་ཀྱི་དགོངས་དོན་གྱི་མཛུབ་སྟོན་འོག་མཉམ་དུ་འཛོམས་རྒྱུ་རེད། པེ་ཅིང་གིས་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱས་ཡོད་པ་དང་། ང་ཚོ་ཀྲུང་གོར་ཡིད་ཆེས་ཀྱིས་ཁེངས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཀྲུང་གོ་བ་དུང་ཕྱུར་གསུམ་ཁངས་དར་ལུས་རྩལ་ཁྲོད་ཞུགས་པའི་སྐོར་གྱི་རེ་སྨོན་དེ་དོན་དངོས་སུ་འགྱུར་བཞིན་ཡོད། ཀྲུང་གོའི་ལུས་རྩལ་པས་གྲུབ་འབྲས་བཟང་བོ་ལེན་ཐུབ་པའི་སྨོན་འདུན་ཞུ། ཀྲུའུ་ཞི་ཞི་ཅིན་ཕིང་གི་བློ་གྲོས་ལྡན་པའི་མགོ་ཁྲིད་འོག་ཏུ། ཀྲུང་གོ་གླང་ལོར་མུ་མཐུད་དུ་གོང་འཕེལ་ཧ་ཅང་ཆེན་པོ་འགྲོ་ཐུབ་པར་ཡིད་ཆེས་ཡོད་ཟེར། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་ཡིས་ཞི་ཅིན་ཕིང་ལ་ལོ་སར་གྱི་རྟེན་འབྲེལ་ཞུ་ཡིག་བསྐུར།