ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་ལ་ཁ་པར་བཏང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཕན་ཚུན་ལ་ཀྲུང་གོའི་ལྕགས་མོ་གླང་ལོའི་ལོ་སར་གྱི་འཚམས་འདྲི་ཞུས་པར་མ་ཟད་ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་བསམ་བློ་བརྗེ་རེས་བྱས།

པེད་ཏིན་གྱིས་ཀྲུང་གོ་མི་དམངས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཀྲུང་གོ་མི་དམངས་ཀྱིས་ལོ་སར་སྐྱིད་པོ་རོལ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་སྨོན་འདུན་ཞུས། ཞི་ཅིན་ཕིང་གིས་པེད་ཏིན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་བཞེས་པར་ཡར་བསྐྱར་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། འདས་པའི་དུས་རབས་ཕྱེད་ཀ་ལྷག་གི་རིང་ལ། རྒྱལ་སྤྱིའི་འབྲེལ་བའི་ཁྲོད་དུ་ཆེས་གལ་ཆེ་བའི་དོན་དག་ནི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སླར་གསོ་དང་འཕེལ་རྒྱས་སུ་སོང་བ་དེ་ཡིན། དེའི་སྐབས་སུ་བར་ཆད་དང་དཀའ་ཁག་མི་ཉུང་བ་བརྒྱུད་མོང་ནའང་སྤྱི་ཡོངས་སུ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པར་མ་ཟད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཞིང་འཛམ་གླིང་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ཀྱི་ཐད་ལ་སྐུལ་འདེད་ཀྱི་ནུས་པ་བཏོན། ཀྲུང་གོ་དང་ཨ་མེ་རི་ཁས་མཉམ་ལས་བྱས་ན་ཕྱོགས་གཉིས་ཀར་ཕན་ཞིང་ཕན་ཚུན་དགྲ་རུ་བཟུང་ན་ཕྱོགས་གཉིས་ཀར་གནོད་པ་ཡོད་ལ། མཉམ་ལས་ནི་ཕྱོགས་གཉིས་ཀའི་ཡང་དག་པའི་གདམ་གསེས་ཁོ་ན་ཡིན། ཀྲུང་གོ་དང་ཨ་མེ་རི་ཁས་མཉམ་ལས་བྱས་ན་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་ཕན་པའི་དོན་ཆེན་གང་མང་བསྒྲུབ་ཐུབ་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁས་ཕན་ཚུན་དགྲ་རུ་བཟུང་ན་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་གནོད་པ་བཟོ་ངེས་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འགག་སྒོ་གལ་ཆེན་དུ་གནས་ཡོད། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་རེ་སྒུག་ཡིན། ཁྱོད་ཀྱིས་ཨ་མེ་རི་ཁའི་ཆེས་ཆེ་བའི་ཁྱད་ཆོས་ནི་སྔོན་དཔག་རང་བཞིན་ཡིན་ཞེས་བཤད་མྱོང་བ་དང་། ད་ལྟ་སྔོན་དཔག་རང་བཞིན་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པར་ཕན་པའི་ཕྱོགས་སུ་འཕེལ་རྒྱས་སུ་གཏོང་དགོས། རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། གདོང་གཏུག་དང་འགྲན་རྒོལ་མི་བྱེད་པ་དང་ཕན་ཚུན་ལ་བརྩི་འཇོག་བྱེད་པ། མཉམ་ལས་མཉམ་རྒྱལ་གྱི་དགོངས་དོན་རྒྱུན་འཁྱོངས་བྱེད་པ་དང་། མཉམ་ལས་གཅིག་སྡུད་དང་འགལ་བར་དོ་དམ་དང་ཚོད་འཛིན་བྱེད་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན་པར་མ་ཟད། པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ་དང་ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁར་གནད་དོན་ཁ་ཤས་ཐད་ནས་ལྟ་ཚུལ་མི་འདྲ་བ་ཡོད་ལ། གནད་འགག་ནི་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་བཟུང་སྟེ་འཛུགས་སྐྲུན་རང་བཞིན་གྱི་རྣམ་པར་བརྟེན་ནས་འོས་འཚམ་སྒོས་དོ་དམ་དང་ཚོད་འཛིན། ཐག་གཅོད་བཅས་བྱེད་དགོས། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་ལས་ཁུངས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་གནད་དོན་དང་དེ་མིན་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་བྱས་ཆོག་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་དངུལ་རྩ། ཁྲིམས་སྐྱོང་། དམག་དཔུང་སོགས་ལས་ཁུངས་ཀྱིས་ཀྱང་འབྲེལ་འདྲིས་གང་མང་བྱེད་དགོས། ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་གྲོས་མོལ་རྐྱེན་སྲོལ་སྣ་ཚོགས་བསྐྱར་འཛུགས་བྱས་ཏེ། ཕྱོགས་གཉིས་ཀྱི་སྲིད་ཇུས་འདོད་བློ་ལ་རྒྱུས་ལོན་ཡང་དག་པ་བྱེད་དགོས་པ་ལས་ནོར་འཁྲུལ་གྱི་བསམ་བློ་གཏོང་མི་རུང་། གང་དག་འགལ་བ་ཡིན་པར་གསལ་འབྱེད་བྱས་ནས་དོ་དམ་དང་ཚོད་འཛིན་ནན་མོ་བྱེད་དགོས་པ་དང་། གང་དག་ལ་མཉམ་ལས་ཀྱི་དོན་སྙིང་ལྡན་ན། མཉམ་ལས་ཀྱི་བགྲོད་ལམ་དུ་སྐྱོད་པར་མཉམ་དུ་སྐུལ་འདེད་གཏོང་དགོས། ཐེ་ཝན་དང་ཞང་ཀང་། ཞིན་ཅང་བཅས་དང་འབྲེལ་བའི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པ་དང་། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་འབྲེལ་བ་ཡོད་པས། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོའི་སྲོག་ཤིང་ཁེ་ཕན་ལ་བརྩི་འཇོག་བྱེད་དགོས་པ་དང་གཟབ་ནན་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་གཏན་འཁེལ་མིན་པའི་རང་བཞིན་གྱི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ་ཀྲུང་གོ་དང་ཨ་མེ་རི་ཁ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ཡིན་པའི་ཆ་ནས། དམིགས་བསལ་གྱི་རྒྱལ་སྤྱིའི་འགན་འཁྲི་དང་འོས་འགན་ཡོད། ཕྱོགས་གཉིས་ཀྱིས་འཛམ་གླིང་གི་རླབས་རྒྱུན་དང་བསྟུན་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་མཉམ་སྲུང་བྱས་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་ལ་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་འཇོག་དགོས་ཟེར།

པེད་ཏིན་གྱིས་བསྟན་དོན། ཀྲུང་གོ་ནི་ཡུན་རིང་ལོ་རྒྱུས་ལྡན་ཞིང་རླབས་ཆེན་དཔལ་ཡོན་ལྡན་པའི་རྒྱལ་ཁབ་ཡིན་པ་དང་། ཀྲུང་གོ་མི་དམངས་ནི་རླབས་ཆེན་ཀྱི་མི་དམངས་ཡིན། ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་གདོང་གཏུག་མེད་པར་གཏོང་བ་དང་། ནམ་ཟླའི་འགྱུར་ལྡོག་སོགས་ཀྱི་ཁྱབ་ཁོངས་ནས་མཉམ་ལས་བཟང་བོ་བྱས་ཆོག ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་སོགས་ཀྱི་དགོངས་དོན་གཞིར་བཟུང་སྟེ་ལྷག་བསམ་རྣམ་དག་དང་འཛུགས་སྐྲུན་རང་བཞིན་གྱི་གྲོས་མོལ་བྱེད་པ་དང་། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་དགོས་ཟེར།

རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བལྟས་ན། དེ་རིང་ཁ་པར་བཏང་བ་ལས་འཛམ་གླིང་ཡོངས་ལ་ནུས་ལྡན་ཧུར་ཐག་གི་རེ་འབོད་བཏོན་པར་འདོད་ལ། ཕྱོགས་གཉིས་ཀ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་འབྲེལ་འདྲིས་དམ་པོ་བྱེད་པར་འཐད་པ་བྱུང་།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།