ལིས་ཁི་ཆང་གིས་ཧྲན་ཞི་ཡུན་ཁྲིན་གྱི་བྱ་བར་རྟོག་ཞིབ་མཛད།

1127081998_16127915173991n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧྲན་ཞི་ཡུན་ཁྲིན་གྱི་བྱ་བར་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག དམངས་ཕན་བྱ་བ་གང་ལེགས་སྒོས་སྒྲུབ་པ་དང་རྒྱུན་མཐུད་འཕེལ་རྒྱས་ཁྲོད་དུ་དམངས་ཚིས་ལེགས་བཅོས་ཆེན་པོ་བྱེད་དགོས་ཟེར།

ལོ་སར་གྱི་ཚོང་རྫས་བཤམས་པའི་ཚོང་རའི་ནང་། ལིས་ཁི་ཆང་གིས་ས་གནས་ཀྱི་ལོ་སར་ལ་མཁོ་བའི་ཚོང་རྫས་ཉོས་པར་མ་ཟད་ཕག་ཤ་དང་ལུག་ཤ སྐམས་ཤ དེ་མིན་སྔོ་ཚོད་སོགས་ཀྱི་མཁོ་འདོན་དང་རིན་གོང་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོང་གིས་བསྟན་དོན། ལོ་སར་སྐབས་སུ་ཉོ་སྡུད་ཀྱི་དགོས་མཁོ་ཤིན་ཏུ་ཆེ་བས། ཟས་རིགས་ཀྱི་སྤུས་ཚད་དང་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཐོན་དངོས་རྫས་མང་པོ་ཐོན་སྐྱེད་བྱས་ནས། ཚོང་བས་ཚོང་རྫས་མང་པོ་བཙོང་ཐུབ་པ་དང་མང་ཚོགས་ཀྱིས་ཡིད་ཆེས་བྱས་ཆོག་པའི་ཚོང་རྫས་ཉོ་ཐུབ་པར་བྱེད་དགོས་ཟེར།

ཞ་རྫོང་གི་ཝུའུ་སྡེ་བ་ནི་དབུལ་ཐར་སྡེ་བ་ཞིག་ཡིན། ལིས་ཁི་ཆང་སྡེ་བའི་ཁྱིམ་ཚང་ཞིག་ཏུ་ཕེབས་ཏེ་ཁྱིམ་མི་ཚོ་དང་ལྷན་དུ་ལོ་སར་ལ་གྲ་སྒྲིག་བྱས་པའི་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས། ཁོང་གིས་བསྟན་དོན། རྒྱལ་ཁབ་ཀྱིས་ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱས་ཏེ་མུ་མཐུད་དུ་རོགས་སྐྱོར་དང་ཡར་སྐུལ་སྲིད་ཇུས་ལག་བསྟར་བྱས་ནས། དབུལ་ཐར་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་རྒྱུ་ཡིན་པས། ཚང་མས་མུ་མཐུད་དུ་འབད་བརྩོན་བྱས་ན་འཚོ་བ་སྔར་ལས་སྐྱིད་པོ་ཡོང་ངེས་ཡིན་ཟེར།

1127081998_16127915499521n.jpg

ལིས་ཁི་ཆང་ཁང་རྙིང་ཁུལ་གྱི་སྡོད་དམངས་ཁྱིམ་ཚང་ཞིག་ཏུ་ཕེབས་ཏེ་འཚོ་བའི་གནས་ཚུལ་ལ་རྟོག་ཞིབ་མཛད། སྡོད་དམངས་རྣམས་ཀྱིས་ཁང་བའི་ནང་དུ་དྲོད་རླངས་མེད་པ་དང་བཙོག་ཆུའི་སྦུགས་ལམ་ཁེགས་པས་མྱུར་དུ་ཁང་རྙིང་སྒྱུར་བཀོད་བྱེད་དགོས་པའི་རེ་བ་ཆེན་པོ་ཡོད་པའི་བསམ་ཚུལ་བཏོན། ལིས་ཁི་ཆང་གིས་གསུངས་རྒྱུར། མང་ཚོགས་ཀྱི་རེ་བ་ལྟར་མྱུར་དུ་ཁང་རྙིང་སྒྱུར་བཀོད་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱིས་ཁང་རྙིང་ས་ཁུལ་སྒྱུར་བཀོད་བྱེད་པར་མུ་མཐུད་དུ་རྒྱབ་སྐྱོར་བྱས་ནས། མང་ཚོགས་སྔར་ལས་མང་བོ་ཁང་བ་གསར་བའི་ནང་གནས་སྤོར་ཐུབ་པར་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ཧྲན་ཞི་ཡིས་ཉེ་བའི་ལོ་འགའི་རིང་ལ་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱས་ཏེ། དཀའ་སྤྱད་བརྩོན་ལེན་དང་གསར་གཏོད་གསར་སྐྲུན་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་ནས། དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་བྱེད་པའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།