ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སར་སྐབས་སུ་གློག་ཤུགས་མཁོ་འདོན་སྤྱིའི་ཆ་ནས་དོ་མཉམ་རེད།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས8ཉིན་རྒྱལ་ཁབ་གློག་དྲ་ནས་ཤེས་གསལ་བྱུང་བ་ལྟར་ན། ལོ་སར་སྐབས་སུ། སྔོན་དཔག་བྱས་ན་གློག་བཀོལ་ཚད་གཏན་འཇགས་འཕར་བསྣོན་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་དང་། ཧྭ་ཏུང་སོགས་ས་གནས་ཀྱི་གློག་བཀོལ་ཚད་ཅུང་མགྱོགས་ཤིང་མཐོ་བ་དང་། རྒྱལ་ཁབ་གློག་དྲས་ཚོང་གཉེར་ས་ཁུལ་གྱི་གློག་ཤུགས་མཁོ་འདོན་སྤྱིའི་ཆ་ནས་དོ་མཉམ་རེད།

རྒྱལ་ཁབ་གློག་དྲའི་འབྲེལ་ཡོད་འགན་ཁུར་བས་བསྟན་དོན། གློག་བཀོལ་ཚད་ཀྱི་ཕྱོགས་ནས། ད་ལོའི་ལོ་སར་རོལ་བ་ཅུང་འཕྱི་ཞིང་། དྲོད་ཚད་ཅུང་མཐོ་ལ། ས་གནས་དེ་ག་ནས་ལོ་སར་བ་སོགས་ཀྱི་རྒྱུ་རྐྱེན་ལ་བསམས་གཞིགས་བཏང་སྟེ། སྔོན་དཔག་བྱས་ན་ལོ་སར་སྐབས་སུ་རྒྱལ་ཡོངས་ཀྱི་ཉིན་རེའི་ཆ་སྙོམས་གློག་བཀོལ་ཚད་ཧ་ལམ་སྟོང་ཝ་དུང་ཕྱུར161ཡིན་ལ་དུས་མཉམ་ལས7.4འཕར། གློག་བཀོལ་བའི་ཐེག་ཚད་ཀྱི་ཕྱོགས་ནས། ཧྭ་ཏུང་སོགས་ས་གནས་ཀྱི་ཐེག་ཚད་འཕར་བ་ཅུང་མགྱོགས་པ་དང་། སྔོན་རྩིས་བྱས་ན་ཧྭ་ཏུང་གློག་དྲའི་ཆེས་མཐོ་བའི་གློག་གི་ཐེག་ཚད་དུས་མཉམ་ལས18འཕར་བ་དང་། ནུབ་བྱང་དང་ལྷོ་ནུབ་ཀྱི་གློག་དྲའི་ཆེས་མཐོ་བའི་ཐེག་ཚད10འཕར་རྒྱུ། ཅང་སུའུ་དང་། ཀྲེ་ཅང་གི་ཆེས་མཐོ་བའི་ཐེག་ཚད20ལས་བརྒལ་རྒྱུ་རེད།

ལོ་སར་སྐབས་ཀྱི་གློག་ཤུགས་མཁོ་འདོན་འགན་སྲུང་ལ་གློག་ཤུགས་ཐེག་ཚད་ཀྱི་མཐོ་རླབས་དང་རིམས་ནད་སྔོན་འགོག་ཚོད་འཛིན། ཁ་ཆར་དང་མེ་སྐྱོན། དྲོད་རླངས་མཁོ་འདོན་སོགས་ཀྱི་གནོན་ཤུགས་དང་ཉམས་སེལ་ལ་འཕྲད་ཡོད། རྒྱལ་ཁབ་གློག་དྲའི་སྒྲིག་ཆས་པུའུ་ཡི་ཀྲུའུ་རིན་གཞོན་པ་ལུའུ་ཅོན་གྱིས་བསྟན་དོན། རྒྱལ་ཁབ་གློག་དྲས་ལོ་སར་སྐབས་ཀྱི་གློག་ཤུགས་མཁོ་འདོན་འགན་སྲུང་བྱ་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། སྔོན་ལ་འཆར་འགོད་དང་རྩ་འཛུགས་ཞིབ་ཚགས། བྱེད་ཐབས་སྣ་མང་མཉམ་སྤྱོད་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ལོ་སར་སྐབས་ཀྱི་གློག་དྲའི་བདེ་འཇགས་འཁོར་རྒྱུག་དང་གློག་ཤུགས་སྤུས་ལེགས་མཁོ་འདོན་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་རྒྱུ་རེད་ཅེས་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།