ཏིང་ཞུའེ་ཞང་གིས་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས7ཉིན། རྒྱལ་ཡོངས་ཏང་གི་ལོ་རྒྱུས་དང་ཡིག་ཚགས་སྡེ་ཁག་གི་འགན་ཁུར་བ་གཙོ་བོའི་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཏིང་ཞུའེ་ཞང་ཚོགས་འདུར་ཕེབས་ཤིང་གསུང་བཤད་གནང་།

ཏིང་ཞུའེ་ཞང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་རྒྱལ་ཡོངས་ཀྱི་ཏང་གི་ལོ་རྒྱུས་དང་ཡིག་ཚགས་སྡེ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་དང་། འགན་འཁྲི་གཙོ་བོ་གཅིག་སྡུད་བྱེད་པ། རང་འགུལ་ངང་འགན་འཁྲི་འཁུར་བ། རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ཏེ་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་བར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་ཐོན་ཡོད། 

ཏིང་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བའི་ལོ་རེད། ལོ་བརྒྱའི་ཏང་ཆེན་གྱི་མདུན་སྐྱོད་དང་བསྟུན་ནས་ཡང་བསྐྱར་ལམ་ལ་ཆས་བར། ཏང་གི་ལོ་རྒྱུས་དང་ཡིག་ཚགས་ལས་དོན་གྱི་ལས་འགན་ལྕི་ལ་ལམ་ཐག་རིང་ཡང་མདུན་ལམ་ཧ་ཅང་ཆེན་པོ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ལས་དོན་གྱི་ཆབ་སྲིད་ཀྱི་ངོ་བོ་དང་གལ་ཆེའི་ནུས་པ། ལས་འགན་གཙོ་བོ། ཡང་དག་པའི་ཁ་ཕྱོགས། ཚན་རིག་དང་མཐུན་པའི་བྱ་ཐབས་བཅས་ཡང་དག་པར་ཁོང་དུ་ཆུད་པ་བྱས་ནས་ལོ་རྒྱུས་ལ་མིག་དཔེ་ལྟ་བ་དང་སྲིད་ཀྱིས་མི་སྐྱོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་སྔར་བས་ཞབས་འདེགས་ལེགས་པོ་ཞུས་ནས་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གྲ་སྒྲིག་ལས་འགན་ལེགས་འགྲུབ་བྱ་རྒྱུ་དེ་ད་ལོའི་ལས་དོན་གྱི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས་འགན་ནུས་འདོན་སྤེལ་དང་། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་ངང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“འདུ་ཤེས་བཞི”སྲ་བརྟན་དང་“གདེང་ཚོད་བཞི”མཐའ་འཁྱོངས་བྱས་ཏེ་“སྲུང་སྐྱོང་གཉིས་”བྱེད་ཐུབ་པར་ཁྲིད་སྟོན་བཅས་བྱ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཞིབ་འཇུག་དང་འཆད་འགྲེལ་སྔར་བས་གཏིང་ཟབ་བྱས་ཏེ་ཏང་གི་ལོ་རྒྱུས་དང་རིགས་པའི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས། དྲིལ་བསྒྲགས་སློབ་གསོ་དང་དཔྱད་ཡིག་བསྡུ་རུབ། ཆ་འཕྲིན་ཅན་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་ཡག་པོ་བྱས་ཏེ་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ལས་དོན་གྱི་ཚན་རིག་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། 

ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཁུལ་དུ་ཡན་ལག་ཚོགས་འདུའི་ཚོགས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།